您没有安装FlashPlayer或版本太低, 请点击获得最新版本FlashPlayer

བོད་ཡིག་དྲ་བ།>>རླུང་འཕྲིན།>>རླུང་འཕྲིན་ལས་ཁུངས་ངོ་སྤྲོད།
སྤེལ་དུས།       རྩོམ་པོ།  

 
 
 
00:00

བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནི་སྤྱི་ལོ ༡༩༥༩ ལོའི་ཟླ ༡ ཚེས ༡ ཉིན་ནས་དངོས་སུ་གཏོང་འགོ་ཚུགས་པ་དང་།  ད་བར་ལོ་ངོ་ ༥༠ ལྷག་ཙམ་འགྲོ་གི་ཡོད།  ལོ་ངོ་ ༥༠ ལྷག་ཙམ་ནང་བོད་ཀྱི་རླུང་འཕྲིན་བྱ་གཞག་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་བྱུང་ནས།  ད་ཆ་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་འདི་ཉིད་འཕྲིན་ལམ་མི་འདྲ་བའི་རླུང་འཕྲིན་ཁག་ལྔ་དང་བོད་རྒྱ་དབྱིན་གསུམ་གྱི་བོད་ལྗོངས་འཕྲིན་དྲ།  བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་སོགས་ཚུད་པའི་ཚན་ཁག་ཆེ་བ་བཅུ་བར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།  རླུང་འཕྲིན་ལྔ་པོ་དེ་དག་ནི་བོད་སྐད་རླུང་འཕྲིན༼ལྷ་སའི་སྐད༽དང་ཁམས་སྐད་རླུང་འཕྲིན།  རྒྱ་སྐད་རླུང་འཕྲིན།  གྲོང་ཁྱེར་འཚོ་བའི་རླུང་འཕྲིན།  ཚན་རིག་སློབ་གསོའི་རླུང་འཕྲིན༼བོད་སྐད༽བཅས་དང་།  ད་ཡོད་ཀྱི་ཚན་ཁག་ཆེ་བ་བཅུ་པོ་དེ་དག་ནི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་དང་།  ལས་ཁུངས་གཞུང་ལས་ཁང་།  སྤྱི་ཁྱབ་རྩོམ་སྒྲིག་ཁང་།  མི་ཤུགས་ཐོན་ཁུངས་པུའུ།  ནོར་དཔལ་དོ་དམ་པུའུ།  གསར་འགྱུར་ལེ་ཚན་ལྟེ་གནས།  བོད་སྐད་རླུང་འཕྲིན་ལྟེ་གནས།  རྒྱ་སྐད་རླུང་འཕྲིན་ལྟེ་གནས།  སྨྱན་སྦྱོར་གསར་པའི་ལྟེ་གནས།  ལག་རྩལ་ལྟེ་གནས་བཅས་ཡིན།  དེའི་ནང་ནས་ལྷ་སའི་སྐད་ཀྱི་རླུང་འཕྲིན་དང་ཁམས་སྐད་རླུང་འཕྲིན།  གསར་འགྱུར་ལེ་ཚན་ལྟེ་གནས།  རྒྱ་སྐད་རླུང་འཕྲིན།  གྲོང་ཁྱེར་འཚོ་བའི་རླུང་འཕྲིན།  ཚན་རིག་སློབ་གསོའི་རླུང་འཕྲིན།  བོད་ལྗོངས་འཕྲིན་དྲ་བཅས་ནི་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་གཏོང་སྤེལ་བྱེད་མཁན་ཚན་པ་དག་ཡིན་པ་དང་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་ནི་དམིགས་བསལ་གྱི་ཐོན་སྐྱེད་ཚན་པ་གཞན་ཞིག་ཡིན།
༡. བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད༼ལྷ་སའི་སྐད༽རླུང་འཕྲིན་ནི་སྤྱི་ལོ ༡༩༥༩ ལོའི་ཟླ་༡ ཚེས ༡ ཉིན་དངོས་སུ་གཏོང་འགོ་ཚུགས།  བོད་སྐད་རླུང་འཕྲིན་དངོས་སུ་གཏོང་འགོ་ཚུགས་ནས་མི་ལོ ༥༠ ལྷག་རིང་།  བོད་ལྗོངས་ལ་རྐང་པ་འཛུགས་པ་དང་།  རྒྱལ་ཁབ་ཕྱི་ནང་གི་བོད་སྐད་རླུང་འཕྲིན་གསན་མཁན་ལ་ཁ་ཕྱོགས་པ།  ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ།  བོད་རིགས་ས་ཁུལ་གྱི་རྣམ་པ་གསར་པ་མངོན་པ་བཅས་བྱས་ཏེ།  གངས་ལྗོངས་ས་མཐོའི་བརྗོད་དོན་གཙོ་བོ་མཆོག་ཏུ་་འཛིན་པ་དང་། བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་མཚོན་པར་བྱས་ནས་དུས་བདེའི་བོད་ལྗོངས་དང་།  ཞི་མཐུན་བོད་ལྗོངས། འབྱོར་འབྲིང་བོད་ལྗོངས། སྣོད་བཅུད་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་ཆེད་གླེང་ཕྱོགས་ཀྱི་འགན་སྲུང་བྱེད་ཀྱི་ཡོད།  ད་ལྟའི་ཆར་༼བོད་ཀྱི་ཤེས་རིག༽དང་༼སྙན་དབྱངས་ཕོ་ཉ༽ ༼བརྩམས་སྒྲུང་དགའ་ཚལ༽ ༼བར་སྣང་སྨན་ཁང་༽ ༼སྐལ་བཟང་མེ་ཏོག༽ལ་སོགས་པའི་གྲགས་ཅན་ལེ་ཚན་མང་དག་གཉེར་བཞིན་ཡོད།
༢. བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྒྱ་སྐད་རླུང་འཕྲིན་ནི་ཆེད་སྒྲིག་དང་རིག་རྩལ་ལེ་ཚན་ཕྱོགས་བསྡུས་ཀྱི་རླུང་འཕྲིན་ཞིག་ཡིན།  རླུང་འཕྲིན་དེས་འཕེལ་རྒྱས་གཏོང་བའི་རྒྱུད་རིམ་ནང་ལེ་ཚན་གྱི་ནང་དོན་དང་དེ་བཞིན་ལེ་ཚན་གྱི་རྣམ་པ་གསར་གཏོད་ཐད་དོ་སྣང་ཆེན་པོ་བྱས་ཏེ།  ལེ་ཚན་གྱི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་བཏང་བ་དང་དུས་མཚུངས་རྒྱ་ཆེའི་གསན་མཁན་རྣམ་པའི་ཐུགས་བློ་སྐོང་གང་ཐུབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས།  རྒྱ་སྐད་རླུང་འཕྲིན་གྱི་དབང་གྲགས་རང་བཞིན་དང་ཡིད་རྟོན་ནུས་པ།  ཤུགས་རྐྱེན་ནུས་པ་བཅས་བརྟན་པོ་ཡོང་བ་བྱས་ཡོད།  ད་ལྟའི་ཆར་རྒྱ་སྐད་རླུང་འཕྲིན་གྱིས༼ངོ་མཚར་བོད་ལྗོངས༽དང་༼བདེ་སྐྱིད་ཀྱི་ལམ་བུ༽ ༼དཔལ་འབྱོར་བགྲོད་ལམ༽ ༼དོ་དགོང་གི་བགྲོ་གླེང་༽སོགས་རང་རྩོམ་རང་གཉེར་བྱས་པའི་ལེ་ཚན་ཁག་དགུ་ཙམ་ཡོད།
༣. བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ལྟེ་གནས་ནི་དེ་སྔའི་བོད་སྐད་རླུང་འཕྲིན་གྱི་གསར་འགྱུར་ཚན་པ་དང་རྒྱ་སྐད་རླུང་འཕྲིན་གྱི་གསར་འགྱུར་ཚན་པ་གཉིས་ཟླ་སྒྲིལ་བཏང་སྟེ་སྤྱི་ལོ ༢༠༡༢ ལོའི་ཟླ ༥ པར་གསར་དུ་བཙུགས་པའི་ཚན་པ་ཞིག་ཡིན།   གསར་འགྱུར་ལྟེ་གནས་ཀྱིས་སྔོན་གྱི་ཚན་པ་དེ་གཉིས་པོའི་འགན་ནུས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་རྒྱ་སྐད་རིགས་གཉིས་ཀྱི་གསར་འགྱུར་ལེ་ཚན་རྩོམ་སྒྲིག་དང་ཡིག་བསྒྱུར། བཅར་འདྲི། སྒྲིག་བཟོ་སོགས་ཀྱི་འགན་འཁུར་གྱི་ཡོད།  ད་ལྟའི་ཆར་ལྷ་སའི་སྐད་དང་ཁམས་སྐད། རྒྱ་སྐད་བཅས་ཀྱི་༼བོད་ལྗོངས་གསར་འགྱུར་མཉམ་བསྒྲགས༽དང་༼སྐར་མ་ལྔའི་གསར་འགྱུར༽དེ་བཞིན༼ཞོགས་པའི་གསར་འགྱུར་ཀུན་བཏུས༽ལ་སོགས་པའི་གསར་འགྱུར་ལེ་ཚན་ཁག་མུ་མཐུད་གཉེར་བཞིན་ཡོད་ལ།  གསར་འགྱུར་གྱི་ལེ་ཚན་གཞན་དག་ཀྱང་ཡག་ཐོག་ཡག་འཛེགས་ཡོང་རྒྱུར་རང་ནུས་འདོན་བཞིན་མཆིས།
༤. བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཁམས་སྐད་རླུང་འཕྲིན་འདི་བཞིན་སྤྱི་ལོ ༢༠༠༡ ལོའི་ཟླ ༡༠ ཚེས ༡ ཉིན་ནས་གཏོང་འགོ་ཚུགས་པ་དང་ཆབས་ཅིག་སྲུང་སྐར་ཐོག་ནས་དངོས་སུ་བརྒྱུད་གཏོང་མངོན་འགྱུར་བྱུང་།  ཁམས་སྐད་རླུང་འཕྲིན་གཏོང་འགོ་བཙུགས་པ་ནས་བཟུང་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་།  བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོའི་དམིགས་དོན་དུ་བཟུང་ནས།  ཞིང་འབྲོག་མང་ཚོགས་ལ་རང་རེའི་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་།  ལྷག་པར་དུ་དམངས་ཕན་སྲིད་ཇུས་དང་ཞིང་འབྲོག་ལས་སོགས་ཀྱི་ཚན་རྩལ་ཤེས་བྱ་སོགས་མདོར་ན་ཤེས་དཔལ་རིག་གསུམ་གྱིས་གཙོ་བོ་བྱས་པའི་རིགས་ཚན་ཁག་མི་ཚང་བ་མེད་པར་ངོ་སྤྲོད་ཞུ་དང་ཞུ་བཞིན་ཡོད་པས།  རྒྱ་ཆེའི་ཁམས་སྐད་རླུང་འཕྲིན་གསན་པ་པོ་མང་པོའི་དགེ་མཆོག་གྲོགས་བཟང་ཞིག་ཏུ་གྱུར་ནས་ཁོང་ཚོའི་དགོས་མཁོ་བསྐོངས་དང་སྐོང་མུས་ལགས།
༥. སྤྱི་ལོ ༢༠༠༣ ལོར་གཏོང་འགོ་ཚུགས་པའི་གྲོང་ཁྱེར་འཚོ་བའི་རླུང་འཕྲིན་ནི་གྲོང་ཁྱེར་གྱི་གྲོང་མི་གཙོ་བོར་འཛིན་ནས་གཉེར་བ་ཞིག་ཡིན་པ་དང་།  ཞབས་ཞུ་དང་ཤེས་བྱ།  སྤྲོ་སྐྱིད་བཅས་དང་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་ཤིང་།  གྲོང་ཁྱེར་གྱི་དམངས་འཚོའི་གནད་དོན་ལེགས་པར་མངོན་པ་དང་།  གྲོང་ཁྱེར་གྱི་འཚོ་བ་དང་འབྲེལ་བ་ཟབ་པའི་རླུང་འཕྲིན་ཞིག་ཡིན།  གྲོང་ཁྱེར་འཚོ་བའི་རླུང་འཕྲིན་ནང་༼བདེ་ཐང་གི་ལམ་བུ༽དང་༼འཚོ་བ་ཀུན་འདུས༽ ༼འགྲིམ་འགྲུལ་ཀུན་གླེང་༽སོགས་བོད་ཀྱི་ཡུལ་སྐོར་དང་འགྲིམ་འགྲུལ་སོགས་ཀྱིས་ནང་དོན་བྱས་པའི་ངོ་མཚར་ཆེ་བའི་ལེ་ཚན་ཡང་མང་དག་གཉེར་བཞིན་ཡོད།
༦. བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྤྱི་ལོ ༢༠༠༩ ལོར་རང་བདག་ངང་གཉེར་འགོ་བཙུགས་པའི་བོད་ལྗོངས་འཕྲིན་དྲ་ནི།  བོད་ལྗོངས་ཁུལ་དུ་སྒྲ་ལམ་དང་བརྙན་ལམ་གྱིས་ཁྱད་ཆོས་གཙོ་བོར་བྱས་པའི་གཞུང་ཕྱོགས་ཀྱི་གཙོ་གནད་ཕྱོགས་བསྡུས་དྲ་བ་ཆེ་ཁག་གཉིས་ཀྱི་གྲས་ཤིག་ཡིན་པ་དང་།  དྲ་བ་འདིའི་ཁོངས་སུ་བོད་ཡིག་དང་རྒྱ་ཡིག  དབྱིན་ཡིག་བཅས་ཡིག་རིགས་གསུམ་གྱི་དྲ་བ་ཡོད་པ་དང་དུས་མཚུངས།  བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁ་པར་པར་གཞི་ཡང་ཡོད་པ་དེ་ཨན་ཌོའོ་དང་ཀུ་ཤུ་སོགས་མཉེན་ཆས་གཙོ་བོ་ཁག་ལ་ཁྱབ་ཐུབ་པ་བྱུང་བས།  དེ་ནི་རྒྱལ་ནང་ཁྱོན་དུ་བོད་ལྗོངས་དང་འབྲེལ་བ་ཡོད་པའི་གསར་འགྱུར་དང་རིག་གནས།  ཡུལ་སྐོར།  སྙན་དབྱངས་སོགས་གཞི་གཅིག་ཏུ་སྒྲ་བརྙན་ཟུང་དུ་མངོན་ཐུབ་པའི་་ཁ་པར་པར་གཞི་གཅིག་བུ་དེ་ཡིན།  བོད་ལྗོངས་འཕྲིན་དྲ་དང་དེའི་ཁ་པར་པར་གཞིའི་ཐོག་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཁག་ཚང་མ་གསན་གཟིགས་ཐུབ་པ་མ་ཟད།  དྲ་བ་རང་གི་པར་ལེན་སྒྲིག་བཟོ་དང་རྩོམ་སྒྲིག་བྱས་པའི་ལེ་ཚན་ཁག་ཀྱང་གསན་གཟིགས་ཐུབ་ཀྱི་ཡོད།  ད་ལྟའི་ཆར་བོད་ལྗོངས་འཕྲིན་དྲས་གསར་འགྱུར་དང་རླུང་འཕྲིན།  བརྙན་འཕྲིན།  གླུ་གཞས།  བརྙན་ཕབ།  རིག་གནས།  ཡུལ་སྐོར།  པར་མཛོད།  གླེང་སྟེགས་སོགས་འཕྲིན་ལམ་དགུ་གཉེར་བར་རྒྱ་ཆེའི་དྲ་གྲོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།
༧.བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཚན་རིག་སློབ་གསོའི་རླུང་འཕྲིན་འདི་བཞིན་སྤྱི་ལོ ༢༠༡༥ ལོའི་ཟླ ༡ ཚེས ༡ ཉིན་ནས་གཏོང་འགོ་ཚུགས་ཡོད།  ལེ་ཚན་གཙོ་བོ་ཚན་རིག་སློབ་གསོའི་རླུང་འཕྲིན་རང་ངོས་ནས་བཟོས་པའི་འཛམ་བུ་གླིང་གི་གྲགས་ཅན་རྩོམ་པ་པོ་དང་བརྩམས་བྱའི་བརྗོད་དོན་གཙོ་བོ་ངོ་སྤྲོད་བྱེད་པའི་ལེ་ཚན༼དེབ་ཁང་གྲུ་གསུམ༽ཞེས་པ་དང་།  ན་ཆུང་བྱིས་པ་ཚོར་ཁོང་ཚོའི་ན་ཚོད་དང་འཚམས་པའི་དམིགས་བསལ་གྱི་གར་སྟེགས་མཁོ་འདོན་བྱས་ཏེ་གཉེར་བའི་ལེ་ཚན༼ཨ་མའི་ཨོ་ལོ༽ཞེས་པ།  ཚན་རིག་ཤེས་བྱར་བརྟེན་ནས་ལྐོག་འགྱུར་གྱི་འཛམ་བུའི་གླིང་ལ་ངོ་ཤེས་དེ་བས་གསལ་བ་ཡོང་རེ་བྱེད་བཞིན་ཡོད་པའི་ལེ་ཚན༼ཚན་རྩལ་གསལ་འགྲེལ༽ཞེས་པ།  རྩམས་སྒྲུང་གྱེར་འཁྲབ་ཀྱི་རྣམ་པའི་ཐོག་ནས་རྩོམ་པ་པོ་མང་པོའི་ཕུལ་བྱུང་གི་བརྩམས་བྱ་དག་སྙན་སྒྲོན་པའི་ངག་སྒོ་ལ་བརྟེན་ནས་དེ་བས་གསོན་ཉམས་དོད་པོས་རྒྱ་ཆེའི་གསན་མཁན་གྲོགས་པོ་ཡོངས་ཀྱི་སྙན་ལམ་དུ་འབུལ་བཞིན་ཡོད་པའི་ལེ་ཚན༼རྩོམ་རིག་རྣ་བའི་བུ་རམ༽ཞེས་པ་སོགས་ཡིན།

༨. བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་ནི་དམིགས་བསལ་གྱི་ཐོན་སྐྱེད་ཚན་པ་ཞིག་ཡིན་ཞིང་།   རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་བྱེད་པ་དང་། བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་འཁུར་བའི་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་ནི་སྤྱི་ལོ ༡༩༨༩ ལོར་འགྲེམས་སྤེལ་བྱེད་འགོ་ཚུགས་པ་དང་།  འདི་ནི་རང་ལྗོངས་ཀྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དྲིལ་བསྒྲགས་བྱེད་པའི་རྒྱུན་མཐུད་དང་རྒྱ་སྐྱེད་དུ་གཏོང་སའི་གར་སྟེགས་ལྟ་བུ་ཞིག་ཡིན།   གསར་འགྱུར་རང་བཞིན་དང་ཞབས་ཞུའི་རང་བཞིན།  ཤེས་བྱའི་རང་བཞིན།  སྤྲོ་སྣང་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཚགས་པར་འདིའི་ཐོག་ནས་བོད་ཀྱི་ཁྱད་ཆོས་ཟབ་མོ་མངོན་ཐུབ་ཀྱི་ཡོད་པས།  རྒྱ་ཆེའི་ཀློག་པ་ཚོས་ཧ་ཅང་མཉེས་པོ་གནང་བགྱི་ཡོད།།