བྲག་ལྷ་ཀླུ་སྒུག

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན། རྩོམ་པོ།   བོད་ལྗོངས་རླུང་འཕྲིན་དྲ་བ། སྤེལ་དུས།   2015-02-04

ལྷ་སར་གནས་པའི་བྲག་ལྷ་ཀླུ་སྒུག་གི་མཚན་རྒྱས་པར་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་ཞེས་ཞུ།  ལྕགས་པོ་རིའི་ཤར་ངོས་སུ་ཕོ་བྲང་པོ་ཏཱ་ལར་ཞལ་ཕྱོགས་པ།  ཕོ་བྲང་པོ་ཏཱ་ལ་ནས་སྤྱི་ཁྲེ་ཉིས་བརྒྱ་ཙམ་གྱི་ས་ན་བྲག་ལྷ་ཀླུ་སྒུག་ལྷ་ཁང་དེ་མཇལ་རྒྱུ་ཡོད།  ལྷ་ཁང་དེ་ནི་ཆོས་རྒྱལ་སྲོང་བཙན་གྱིས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་སྐབས་སམ།  ར་ས་གཙུག་ལག་ཁང་བཞེངས་བསྒྲུབས་རྗེས་སུ་ལྷ་ཁང་དེ་བསྐྲུན་པ་ཡིན། དེའང་ཐོག་མར་གནས་དེར་བྲག་ཕུག་གཅིག་ཡོད་པ་ལ་དེར་གཙོ་བོ་ཐུབ་པ་བྲག་ལྷ་མགོན་པོ་དང༌།  དེའི་གཡས་ན་ཤཱ་རིའི་བུ།  གཡོན་ན་མོང་གལ་གྱི་བུ།  དེའི་གཡས་ན་རྒྱལ་བ་བྱམས་པ།  གཡོན་ན་སྤྱན་རས་གཟིགས་བཅས་བྲག་ལ་གསལ་བར་རང་བྱོན་དུ་ཡོད་པ་ལ།  དེ་ནས་ཆོས་རྒྱལ་གྱི་མ་འོངས་སེམས་ཅན་བསོད་ནམས་གསོག་པའི་ཕྱིར་དུ་བལ་པོའི་ལྷ་བཟོས་འབུར་དུ་བརྐོས་ཏེ་བྲག་ལ་སྐོར་ཁང་བརྐོ་བར་མཛད་པ་ལ་ཚྭ་གོང་ཆེ་བའི་སྐབས་སུ་བྲག་བྲེ་གང་བརྐོས་པར་ཚྭ་བྲེ་རེ་གནང་བ་བཅས་ཀྱིས་སྐོར་ཁང་ཡང་འགྲུབ།  བྲག་ལྷ་ཞེས་པ་ནི་དེ་ལྟར་དང༌།  ཀླུ་སྒུག་ཅེས་པ་ནི།  མ་འོངས་པར་ར་ས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་འོག་ཕྱོགས་ཀླུ་ཡུལ་དུ་གདན་འདྲེན་པས་དེའི་སྐབས་སུ་སེམས་ཅན་གྱི་བསོད་ནམས་གསོག་ཕྱིར།  ཐུབ་པ་བྲག་ལྷ་མགོན་པོ་འདི་ཉིད་མི་ཡུལ་དུ་བཞུགས་པ་ཡིན་ཞེས་ཟེར།  གཞན་ཡང་སྲོང་བཙན་གྱི་སྒྲུབ་ཕུག་འོག་ཏུ་མོང་བཟའ་ཁྲི་ལྕམ་གྱིས་མཐུན་རྡོ་འབུལ་ས་ཞེས་སྙན་གསེང་ཞུ་སའི་ཁུང་བུ་སོགས་ཡོད།  ལྷ་ཁང་དེའི་ཉེ་འདབས་བྲག་ལྷའི་ནིའུ་ཐང་ཞེས་པར་སྟར་ཁའི་སྡོང་པོ་ཞིག་ཡོད་པ་དེའི་འོག་ཏུ་བློན་པོ་དྲུག་གིས་རྒྱ་བཟའ་ཇི་ལྟར་གདན་གྱི་གྲོས་གནང་ས་ཡིན་ཞེས་དང༌།  གཞན་ཡང་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་གུང་བཙན་འཁྲུངས་སའང་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་ཡིན་ཞེས་གསུངས།  སྔོན་ལྷ་ཁང་དེར་གོང་གསལ་རང་བྱོན་འབུར་དུ་བརྐོས་པའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་ཡོད།
ད་ལྟ་སྔོན་ཤུལ་དུ་ཉམས་གསོ་རྒྱ་སྐྱེད་གནང་བའི་ནང་སྔོན་གྱི་བྲག་ལྷ་མགོན་པོ་བྱིན་ཅན་དེ་དང༌།  སྟོན་སྐུ་གསར་བཞེངས་བ་སོགས་མཇལ་རྒྱུ་ཡོད།  བྲག་ཕུག་དེར་ཇོ་ནང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ཡང་བཞུགས་ཞེས་གསུངས།།

༼ རྩོམ་སྒྲིག་རྣམ་སྲས།༽
ལོགས་སུ་ཉར་བ།