ཀརྨ་ཞྭ་ནག་པའི་མ་དགོན་སྟོད་ལུང་མཚུར་ཕུ་དགོན།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན། རྩོམ་པོ།    སྤེལ་དུས།   2014-11-26
དེ་ནི།  སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་སུ་གནས་ཡོད།  རྒྱབ་རི་པད་མ་ཁྱུང་རྫོང་མདུན་རི་ནགས་ཀྱིས་ཕྱུག་པ་ལས་བྱ་སྣ་ཚོགས་ཀྱི་སྐད་སྟན་པར་གྲོགས་པ།  བྲག་རི་ལ་ཐུབ་པ་རིགས་དྲུག་གི་རང་བྱོན་འབུར་འཐོན་ཡོད་པ།  ཤར་རི་དར་དཀར་ཡོལ་བ་ལྟ་བུ་བྲེས་པ་ནུབ་རི་སྒྲོལ་མ་དཀར་པོའི་དབྱིབས་ལྡན་གྱི་གནས་དིར་ཀརྨ་པ་དུས་གསུམ་མཁྱེན་པས།  དགུང་ལོ་ལྔ་བཅུ་པ་རབ་བྱུང་གསུམ་པའི་ས་ཡོས་སྤྱི་ལོ ༡༡༥༩ ལོར་ས་དེར་ཕེབས་ནས་བྱིན་གྱིས་བརླབས།  བྲག་དེ་རྒྱབ་ཡོལ་དུ་བྱས་ནས་རྟེན་འབྲེལ་གྱི་ཚུལ་དུ་གཟིམས་སྤྱིལ་ཆུང་དུ་ཞིག་བཞེངས་ཏེ་ཡུན་མི་རིང་ཙམ་བཞུགས། དེ་ནས་ཁམས་སུ་ཕེབས་ནས་ཀརྨ་པ་གནས་ནང་སོགས་སུ་སྒྲུབ་པ་མཛད་ཀརྨ་དགོན་ཕྱག་བཏབ།  དེ་རྗེས་དབུས་སུ་ཕེབས་ནས་དགུང་ལོ་བརྒྱད་ཅུ་པ་བོད་རབ་བྱུང་གསུམ་པའི་ས་བྱ་སྤྱི་ལོ ༡༡༨༩ ལོར་སྟོད་ལུང་མཚུར་ཕུ་དགོན་པ་ཕྱག་བཏབ།  གུང་ཐང་བླ་མ་ཞང་གིས་མཆོད་ཁང་གོང་གི་ཀ་རུ་མ་གདུགས་ཁམས་གསུམ་ཟིལ་གནོན་སོགས་སྣ་གསུམ་ཕུལ། དེ་ནས་ཀརྨ་པ་རིམ་བྱོན་གྱི་གདོན་ས་གཙོ་བོ་ཞིག་ཏུ་གྱུར།  སྐུ་ཕྲེང་གཉིས་པ་ཀརྨ་པཀྴིའི་དུས་སུ་ཉེ་གནས་ལྡན་སྒོམ་གྱིས་མཚུར་ཕུར་མཆོད་ཁང་ཆེན་པོ་དང༌།  དྲི་གཙང་ཁང་ཁྱམས་ར་དང་བཅས་པ་བཞེངས་ཏེ་རྒྱ་བརྐྱེད་བཏང༌།  དགོན་པ་འདིར་བཞུགས་པའི་རྟེན་གསུམ་དང་རིག་དངོས་སྐོར་ཟངས་རག་ལས་ལུགས་སུ་བླུགས་པའི་ལྷ་ཆེན་པོ་འདོམ་བཅུ་གསུམ་པ་དེ་ལོ་གསུམ་གྱི་ནང་དུ་གྲུབ།  ཐུབ་དབང་དེའི་ནང་བཞུགས་སུ་དེ་བཞིན་གཤིཊ་པའི་རིང་བསྲེལ་བྲེ་གང༌།  མཉམ་མེད་དྭགས་པོ་ལྷ་རྗེའི་ཐུགས་ལྗགས་སྤྱན་གསུམ་དགྲ་བཅོམ་པ་ཉི་མ་གུང་པའི་ཚེམས།  རྗེ་བཙུན་མི་ལ་རས་པའི་གསོལ་ཞལ་དང་ཕྱག་འཁར། དབོན་སྟོན་སྐྱེར་སྒང་པའི་རྣམ་སྦྱར།  མཆོག་ཟུང་གི་ལྷུང་བཟེད། འཁར་གསིལ།  རྣམ་སྦྱར།  གསེར་དངུལ་འབའ་ཞིག་ལས་བྲིས་པའི་བཀའ་འགྱུར་པོ་ཏི་བརྒྱ་དང་ལྔ་བཅུ།  ཆོགས་དུང་དཀར་པོ་རྒྱང་གྲགས་མ་སོགས་འཇིག་རྟེན་ན་རྙེད་དཀའ་པ་མང་པོ་བཞུགས།  ལོ་རྒྱུས་ཐོག་ཤོད་སྲོལ་ལ།  ལྷ་ཆེན་དེ་བཞེངས་ཟིན་ནས་གཡོན་དུ་ཅུང་ཟད་ཡོ་བ་ལ་ལྷ་བཟོ་རྣམས་ཀྱི་བཅོས་ཐབས་བྲལ་བས།  གྲུབ་ཐོབ་ཆེན་པོ་པཀྵི་རང་གིས་རླུང་རོ་ལན་གསུམ་བུས་ནས་ཡོ་བ་བསྲང་པས་བྱིན་རླབས་ཆེ་ཞེས་ཟེར།  གྲུབ་ཐོབ་རང་ཉིད་ཀྱིས་རབ་གནས་མཛད་དེ།  ལྷ་ཆེན་དཔལ་འབར་འཛམ་གླིང་རྒྱན་གཅིག་ཅེས་མཚན་གསོལ།  སྤྱན་རས་གཟིགས་དང༌།  རྒྱལ་བ་རིགས་ལྔ་རྣམས་ཀྱི་སྐུ་ཆེན་པོ་རེ་རེ་བཞེངས།  རྗེ་དུས་གསུམ་མཁྱེན་པའི་གདུང་རྟེན་བཀྲིས་འོད་འབར།  ཀརྨ་པའི་གདུང་རྟེན་བཀྲ་ཤིས་ལྷུན་གྲུབ་གཉིས་སུ་རང་རང་གི་ཐུགས་ལྗགས་སྤྱན་གསུམ་གཞུགས།  གཡས་གཡོན་དུ་སེམས་དཔའ་ལྡེམ་སྐུ་གཉིས་དང་བཅས་པ།  ཕྱིས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཁང་ནང༌།  སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བཅས་བཞུགས།  རྩེར་གཉྫིར་ཆེན་མོ་གསེར་བྱ་ཁུང་གི་གཏེར་ནས་བྱུང་པའི་གསེར་བྱ་ཟུང་དང་བཅས་པ་བཙུགས།  ཀརྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལས་སྟོན་པའི་སྐུ་བརྙན་ཀ་བརྒྱད་མའི་གཟིམ་ཆུང་སྦུག་མ་སྒར་ཆེན་ནང་དུ་བཞུགས་གསུང་ཞྭ་དམར་རྟོགས་ལྡན་གྲགས་སེང་བས།  ཀརྨ་རང་བྱུང་རྡོ་རྗེར་ཕུལ་བའི་དུང་དཀར་དེ། ཕྱིས་གསེར་ལྗང་བརྡུངས་ཀྱི་གཤོག་པ་བཟོས་ཏེ།  རྡོ་རྗེ་གདན་གྱི་ཚོགས་དུ་དང་ལྷན་ཅིག་གན་རྡོ་ལའི་མཆོད་རྫས་ལ་ཡོད།  བོད་རབ་བྱུང་བདུན་པའི་མེ་ཕག་སྤྱི་ལོ ༡༤༠༧ ལོར་ཏྭ་མིང་གོང་མ་ཆེན་པོ་ཡུང་ལས་ཀརྨ་པ་དེ་བཞིན་གཤེགས་པ་མཆོད་གནས་སུ་གདན་དྲུངས་ཏེ་པེ་ཅིང་དུ་བཞུགས་རིང་ཆོས་གསུངས་དང་ཆོས་ཀྱི་མཛད་སྒོ་གནང་སྐབས་ཐམས་ཅད་དུ་ཉིན་རེ་བཞིན་ངོ་མཚར་གྱི་སྣང་བ་དུ་མ་བྱུང་བ་རྣམས་གོང་མ་ཉིད་ཀྱི་བཀས་ཉིན་སོ་སོའི་ལེའུ་ཆེ་བཀོད་པར་རི་མོ་མཁན་མཁས་པས་གཟུགས་བརྙན་རི་མོར་བྲིས་ནས།  རྒྱ་ཧོར་བོད་ཡུ་གུར་ཏུཥྐ་སྟེ་ཡིག་རིགས་ལྔ་ལྔའི་ཁ་བྱང་བཏབ་པའི་སི་ཐང་ཡུག་དྲིལ་དུ་མ་བྱས་ཏེ།  རྗེའི་དྲུང་ཉིད་དུ་ཕུལ་བ་ཕལ་ཆེར་འཐོར་ཡང་ཡུག་དྲིལ་གཅིག་སྒར་ཚོན་དུ་བཞུགས་པ་རིག་གནས་གསར་བརྗེའི་གོང་བར་དུ་ཡོད་མུས་ཡིན་པ་ནི་དེ་སྔོན་མཚུར་ཕུར་གནས་མཇལ་དུ་ཕེབས་པའི་མཁས་དང་དབང་མང་པོས་གཟིགས་མྱོང་ཡོད།  མཚུར་ཏུ་དགོན་པ་ནི་ཀརྨ་དུས་གསུམ་མཁྱེན་པས་ཕྱག་བཏབ་པ་ནས་བཟུང་ད་ལྟའི་བར་ལོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པ་དེ་སྤྱི་ལོ ༡༩༦༦ ལོར་ཤུལ་མེད་བཏང་ཟིན་ཡང༌།  ད་ལྟ་ཉམས་གསོ་བྱེད་བཞིན་པ་ལགས་སོ།།
༼ བོད་ལྗོངས་རླུང་འཕྲིན་དྲ་བ།༽
ལོགས་སུ་ཉར་བ།