ལྔ་གཅིག་ཉིན་ནས་བཟུང་རང་ལྗོངས་ཀྱིས་གཞུང་ཁོངས་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་འཛིན་རིན་གོང་ཕྱེད་ཀ་གཅོག་རྒྱུ།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2018-04-24

ཉིན་ཤས་གོང་།  གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་གཙོ་གཉེར་བྱས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་ནས་མུ་མཐུད་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་རྒྱུ་གཏན་འབེབས་བྱས་པ་དང་།  གཞུང་ཁོངས་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གཅིག་ལ་ཀྲུང་དབྱང་གི་གཅིག་འགྱུར་བཀོད་སྒྲིག་དང་བླང་བྱར་གཞིགས་ནས་སྒོ་འཛིན་རིན་གོང་ཕྱེད་ཀ་གཅོག་རྒྱུ་ཡིན་པ་དང་།  མཁའ་ལམ་དང་ཡུལ་སྐོར་མོ་ཊའི་གཟིགས་སྐྱོང་སྲིད་ཇུས་ད་དུང་མུ་མཐུད་ལག་བསྟར་བྱེད་རྒྱུ་རེད།
སྤྱི་ཟླ་དང་པོའི་ཚེས ༣༡ ཉིན།  རང་སྐྱོང་ལྗོངས་སྲིད་གཞུང་གིས་དགུན་དུས་བོད་དུ་ཡུལ་སྐོར་ལ་བསྐྱོད། ས་གོ་ལའི་མཐའ་སྣེ་གསུམ་པ་མཉམ་རོལ་བྱེད་ཅེས་པའི་ཁྲོམ་རའི་སྐུལ་སྤེལ་བྱེད་སྒོ་དངོས་སུ་སྤེལ་ནས་ཀ་པ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ ༡༡༥ དང་སྐར་མ་རིམ་པའི་མགྲོན་ཁང་།  ཡུལ་སྐོར་མོ་ཊ།  མཁའ་ལམ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་ལག་བསྟར་བྱས་ཚུན།  ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་བྱུང་ནས་འགོ་ཡག་པོ་བཙུགས་ཐུབ་ཡོད།
སྤྱི་ཟླ ༥ པའི་ཚེས ༡ ཉིན་ནས་བཟུང་།  རང་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་ཚོས་དགུན་དུས་བོད་དུ་ཡུལ་སྐོར་ལ་བསྐྱོད་ཅེས་པའི་བྱེད་སྒོའི་ཀ་པ་རིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཉོ་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་མི་ཐུབ་ཀྱང་།  གཞུང་ཁོངས་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་འཛིན་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་རྒྱུ་རེད།།

༼ རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན།༽
ལོགས་སུ་ཉར་བ།