ཏིང་གཡས་ཤན་ནས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་གཏིང་ཟབ་ཡོང་རྒྱུའི་ཐད་ནན་བཤད་གལ་ཆེན་གནང་།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2019-02-13

ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་གི་ཐང་ཆེན།  ལྷ་ས་རོལ་སྐྱིད་སྤྲོ་གསེང་གསོལ་མགྲོན་ཁང༌།  ཤམ་བྷ་ལ་གསོལ་མགྲོན་ཁང་ཆེ་མོ་སོགས་སུ་ཕེབས་ནས་ལོ་གསར་རིང་གི་ཡུལ་སྐོར་ཁྲོམ་ར་གཉེར་སྐྱོང་དང་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བ་རེད།
ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་དུ་ཏིང་གཡས་ཤན་ནས་ཡུལ་སྐོར་བ་ཚོར་ཡུལ་སྐོར་གྱི་མྱོང་ཚོར་བཀའ་འདྲི་གནང་བ་དང་སྦྲགས།  ཁྱེད་ཚོ་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཁྱེད་ཚོས་བོད་ཀྱི་ས་ཆ་ཁག་ཏུ་མང་ཙམ་སྐྱོད་དེ་བོད་ཀྱི་གནས་ཚུལ་ཉམས་ལེན་ཡག་པོ་བྱས་ཏེ་ཕ་ཡུལ་དུ་ལོག་རྗེས།  རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་ཐོག་ནས་བོད་ལྗོངས་དྲིལ་བསྒྲགས་བྱེད་པ་དང་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་རྒྱུར་སྐུལ་སློང་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས།
ལྷ་ས་རོལ་སྐྱིད་སྤྲོ་གསེང་གསོལ་མགྲོན་ཁང་དང་ཤམ་བྷ་ལ་གསོལ་མགྲོན་ཁང་ཆེ་མོར།  ཏིང་གཡས་ཤན་གྱིས་གསོལ་མགྲོན་ཁང་གི་ཁང་པའི་གོང་ཚད་དང་ཞག་སྡོད་བྱེད་ཚད།  སྣེ་ལེན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་།  གསོལ་མགྲོན་ཁང་གི་ཞབས་ཞུ་སྣེ་ལེན་གོ་རིམ་དང་ལྡན་ཞིང་འགྲུལ་པ་ཞག་སྡོད་བྱེད་ཚད་རིམ་བཞིན་མང་དུ་ཕྱིན་པར་གདེང་འཇོག་གང་ལེགས་གནང་བ་རེད།
ཏིང་གཡས་ཤན་ནས།  རིམ་ཁག་ཚན་པ་ཁག་གིས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་དབུ་ཁྲིད་འོག་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཡར་ངོའི་ཟླ་ལྟར་འཕེལ་བའི་གྲུབ་འབྲས་འཛམ་གླིང་སྐྱེ་བོ་ཀུན་ལ་མངོན་པར་བྱེད་དགོས་པ་དང་།  བོད་ཀྱི་རིག་སྐྲུན་རང་བྱུང་གི་ཐུན་མིན་ལེགས་ཆ་དྲིལ་བསྒྲགས་བྱེད་དགོས་པ་མ་ཟད།  ལྗོངས་ཡོངས་སུ་དུས་གཏན་ཡུལ་སྐོར་གོང་འཕེལ་ཤུགས་ཆེ་བཏང་སྟེ་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཞིག་སྔར་བས་གཏོད་པ་དང་སྐྱེ་བསྲིངས་བྱས་ཐོག་དཔལ་འབྱོར་དར་རྒྱས་ཆེ་བའི་ཁུལ་གྱི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་དགོས་པ་དང་།  ཡུལ་སྐོར་ལས་རིགས་གོང་འཕེལ་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གོང་འཕེལ་གྱི་ལེགས་ཆར་འགྱུར་བ་བྱེད་དགོས་པ།  ཡུལ་སྐོར་ལས་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལ་གཅིག་འགྱུར་འཆར་འགོད་ཐོག་ནས་བསམ་གཞིགས་བྱས་ཏེ་ཡུལ་སྐོར་ལས་རིགས་དེ་ཉིད་དམངས་འཚོ་ལེགས་བཅོས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ལ་འགྱུར་བ་བྱེད་དགོས་པ།  ཡུལ་སྐོར་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་རྒྱབ་སྟེ་ཡུལ་སྐོར་བའི་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱེད་པ་དང་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ།  ཡུལ་སྐོར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡུལ་སྐོར་དུ་ཡོང་རྒྱུར་ཡིད་དབང་འགུག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། །

༼ རྩོམ་སྒྲིག་ནོར་བུ་།༽
ལོགས་སུ་ཉར་བ།