ད་ལོ་གཞིས་རྩེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར༦༧ལྷག་ཟིན།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2019-12-28

ད་ལོ་གཞིས་རྩེ་གྲོང་ཁྱེར་དུ་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕར་སྣོན་མགྱོགས་པོ་ཕྱིན་ནས་ལོ་འཁོར་མོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༩༠༠ ཙམ་ལ་སྣེ་ལེན་ཞུས་པ་དང་།  སྤྱིའི་ཡོང་འབབ་སྒོར་དུང་ཕྱུར ༦༧ ལྷག་ཙམ་ཟིན་པ་དེ་དག་ཁག་སོ་སོར་དུས་མཚུངས་པ་ལས་བརྒྱ་ཆ ༢༩ དང་བརྒྱ་ཆ ༢༢ འཕར་ཡོད། 
ཉེ་བའི་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་པ་དང་ཇོ་རིའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས།  ཡུལ་སྐོར་སྒྲིག་བཀོད་དང་ཁུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གོང་འཕེལ་གང་མགྱོགས་བཏང་བས་སྣེ་ལེན་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།  དམིགས་བསལ་སྤུས་རྟགས་གཏོད་པ་དང་ཇོ་རིའི་ཕ་ཡུལ་སྤྲིན་སྣེའི་འཁྱགས་རོམ་ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་སྤེལ་ནས།  གཞིས་རྩེའི་ཡུལ་སྐོར་སྤུས་རྟགས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཤིང་ཇོ་རིའི་ཡུལ་སྐོར་ཞེས་པ་དང་ཡར་ཀླུང་གཙང་པོའི་ཆུ་འགོའི་ཡུལ་སྐོར་ཞེས་པ།  རོང་ས་དམར་པོའི་ཡུལ་སྐོར་ཞེས་པ་བཅས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གསུམ་གཏོད་ཡོད་པ་དེ་དག་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཆེན་པོ་ཡོད་པ་དང་ཆབས་ཅིག  ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་བ་ཚོགས་པ་སྒྲིག་ནས་གཞིས་རྩེ་གྲོང་ཁྱེར་དུ་ཡུལ་སྐོར་བྱེད་རྒྱུའི་ཧུར་སེམས་ཆེ་རུ་བཏང་བ་དང་།  གཞིས་རྩེ་གྲོང་ཁྱེར་གྱིས་ལོ་ལྟར་གཞིས་རྩེའི་ཡུལ་སྐོར་གོང་འཕེལ་གྱི་ཆེད་དོན་མ་དངུལ་ཁྲོད་ནས་སྒོར་ཁྲི་ཚོ་བརྒྱ་བཀོད་སྒྲིག་བྱས་ཏེ་ཆེད་དོན་བྱ་དགའི་ཐེབས་རྩ་བྱས་ནས་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཐུབ་པ་བྱེད་ཀྱི་ཡོད།  གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས་བསམ་གྲུབ་རྩེ་དང་ཇོ་མོ་གླང་མ།  སྐྱིད་རོང་།  ཀ་ཏ་མན་རྡུ་བཅས་གཙོ་བོར་བྱས་ནས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་གཏོད་དེ་སྐྱིད་རོང་གྲོང་རྡལ་སོགས་ཡུལ་སྐོར་གྱི་གྲགས་ཅན་གྲོང་རྡལ་དང་གྲོང་ཚོ་སོགས་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་དང་།  འདྲེན་ཐང་གནའ་གྲོང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་རྒྱུར་སྐུལ་འདེད་བཏང་སྟེ།  ཁུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་རྒྱུར་སྣེ་ཁྲིད་བྱེད་རྒྱུ་རེད།།

༼ རྩོམ་སྒྲིག་ཚེ་སྒྲོན།༽
ལོགས་སུ་ཉར་བ།