ལྷ་ས་ཁུལ་གྱི་གླིང་ག་སྤྱི་བཤད།

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།   དོན་རྡོར། སྤེལ་དུས།   2014-11-12
སྔོན་གྱི་སྲོལ་ལྟར་ན་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་འཛམ་གླིང་སྤྱི་བསང་ཞེས་པའི་དུས་མཆོད་ཉིན།  ལྷ་སའི་མང་ཚོགས་ཀྱིས་དགེ་འཕེལ་དབུ་བརྩེ་དང་བུམ་པ་རི།  ཕ་བོང་ཁ།  སེ་ར་དབུ་བརྩེ།  ཀེའུ་ཚང་ཤར་ནུབ།  ཕུར་ལྕོག་བླ་བྲང་སོགས་ལ་བསང་གསོལ་བྱས་ཚར་རྗེས་ཕྱི་ཉིན་ནས་ལྷ་སའི་ཤར་ཕྱོགས་ཇོ་བོ་རགས་རྒྱག་ནས་ཆབ་རྫིང་གླིང་ག་དང་ཞི་བདེ་གླིང་ག  ཉི་གཞོན་གླིང་ག  རྨེ་རུ་གླིང་ག  རྡོ་རོག་གླིང་ག  ཕྱག་མཛོད་གླིང་ག  གཉེར་ཚང་གླིང་ག  རྒྱའུ་གླིང་ག  ཁྲལ་བདེ་གླིང་ག  འཇག་མག་གླིང་ག  ཕ་ལྷ་གླིང་ག  ཟུར་ཁང་གླིང་ག་སོགས་དང་།  དཔལ་ལྷའི་ཆོས་འཁོར་གྱི་སྐབས། ཀརྨ་ཤག་གླིང་ག་དང་གླིང་ག་གསར་པ།  གཤོང་ག་གླིང་ག  གྲྭ་བཞི་གླིང་ག  དབང་ཆེན་གླིང་ག  རྫོང་རྒྱབ་ཀླུ་ཁང་།  བཞུགས་ཁྲི་གླིང་ག  ཀུ་ཤུ་གླིང་ག  བདེ་སྐྱིད་གླིང་ག  དྲུང་སྤྱི་གླིང་ག  མཁན་པོ་གླིང་ག་སོགས་ལ་སྒོར་ར་ཁྱིམ་མཚེས་ཁག་མཉམ་སྡེབ་དང་ཡང་ན་དགའ་གཉེ་མཉམ་འཛོམས་ཀྱིས་དེ་ཉིན་ནས་བཟུང་ནང་ལ་ཁང་སྲུང་མི་རེ་གཉིས་བཞག་པ་ལས་དེ་བྱིངས་ཚང་མ་གླིང་གའི་ནང་གནས་སྤོས་ཏེ་གུར་ཕུབ་ནས་སྡོད་པ་དང་དེ་ལྟར་བདུན་ཕྲག་གཅིག་གམ་གཉིས། ཟླ་བ་གཅིག་ཙམ་གླིང་གར་སྡོད་པ་ཡིན་པས་དེའི་རིང་ནང་མའི་སྐྱིད་སྡུག་ལ་གདན་ཞུ་མང་དྲགས་ནས་མ་ཐོབ་ཤིག་ཤིག་དང་མ་ལྕོགས་པ་ལྟར་ཡོད་པ་རེད། སྐབས་དེར་གོང་གསལ་གྱི་གླིང་ག་ཁག་ནང་ནང་མའི་སྐྱིད་སྡུག་ཡོད་སའི་གུར་གྱི་མཐའ་སྐོར་དུ་ལྟད་མོ་བ་ཚང་ཁ་ཤིག་ཤིག་ཏུ་སྡོད་པ་ཙམ་མ་ཟད་གཞན་གྱི་གུར་དག་ནང་ལའང་སྒྲ་སྙན་དང་པི་ཝང་། གླིང་བུ་སོགས་ཀྱི་རོལ་རྩེད་ཀྱི་སྐད་སྒྲས་ཟང་ཟིང་གིས་དུས་འདའ་བར་བྱེད།  དེ་ལྟར་ལྷ་སའི་ཁུལ་དུ་མིང་དྲངས་རྒྱུ་ཡོད་པའི་གླིང་ཁ་ཉུང་མཐར་ཡང་ཉིས་ཤུ་རྩ་གྲངས་ཡོད་སྐད་འདུག

སྤྱིར་ན་གླིང་ག་ཁག་གི་མིང་ནི་དཔེར་ན་དྲུང་སྤྱི་གླིང་ག་དང་མཁན་པོ་གླིང་ག་ལྟ་བུ་དེ་སྔ་བོད་ས་གནས་སྲིད་གཞུང་གི་མཁན་པོ་དང་དྲུང་སྤྱི་ལྷན་རྒྱས་གོང་གསལ་གྱི་དུས་ཚོད་ནང་ད་ལྟའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་གནས་ཡུལ་དང་ཀླུ་ཁང་ནུབ་ངོས་སུ་དབྱར་སྐྱིད་གཏོང་གནང་བས་དེ་མཚུངས་ཀྱི་བྱེད་སྒོ་ཁག་གནང་བ་སོགས་ཡིན། 

༼ རྩོམ་སྒྲིག་མིག་ཚེ།༽
ལོགས་སུ་ཉར་བ།