དུས་ཚོད་འཕར་མའི་འགྲན་བསྡུར་བྱས་པ་བརྒྱུད་ཁེ་རོ་སི་ཡར་ཨང་དང་པོ་རྩོད་ལེན་བྱེད་པའི་འགྲན་བསྡུར་ནང་ཞུགས་དབང་རག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

པེ་ཅིན་གྱི་དུས་ཚོད་སྤྱི་ཟླ་བདུན་པའི་ཚེས ༡༢ ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་པའི་ཐོག་རྒྱབ་པའི་སྐབས་ཉེར་གཅིག་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དྲག་གྲས་བཞིའི་དབར་གྱི་འགྲན་བསྡུར་རྗེས་མ་དེའི་ནང་།  རྒྱུན་གཏན་གྱི་སྐར་མ་དགུ་བཅུའི་འགྲན་བསྡུར་དུས་ཚོད་ནང་དབྱིང་ལན་དང་ཁེ་རོ་སི་ཡའི་དབར་སྡུར་གྲངས ༡ དང་ ༡ གི་ཐོག་ནས་ཐོབ་ཤོར་མ་བྱུང་བ་དང་།  སྐར་མ ༣༠ ཡི་དུས་ཚོད་འཕར་མའི་འགྲན་བསྡུར་བྱས་པ་བརྒྱུད་ཁེ་རོ་སི་ཡར་ཨང་དང་པོ་རྩོད་ལེན་བྱེད་པའི་འགྲན་བསྡུར་ནང་ཞུགས་དབང་རག་ཡོད།

འགྲན་བསྡུར་འགོ་ཚུགས་ནས་སྐར་མ ༥ ལས་མ་ཕྱིན་པར་དབྱིང་ལན་རུ་ཁག་གིས་སྔོན་ལ་སྤོ་ལོ་གཅིག་བླུག་ཐུབ་ཡོད།  དེ་ཡང་དབྱིང་ལན་རུ་ཁག་གིས་པ་སེ་བཏང་སྟེ་སྤོ་ལོ་ཁ་གཏད་ཀྱི་དཀྱིལ་འཁོར་མདུན་ངོས་སུ་འཁྲིད་སྐབས་ཕར་ཕྱོགས་ཀྱི་རུ་མིས་འགོག་ཐལ་འཁེལ་བར་ཤན་འབྱེད་པས་དཀྱིལ་འཁོར་མདུན་ངོས་ནས་སོར་བཙུགས་སྤོ་ལོ་རྒྱག་དབང་སྤྲད་ཡོད་པ་དེ།  དབྱིང་ལན་གྱི་རུ་མི་ཐ་རི་ཕཱིར་གྱིས་གོ་སྐབས་དམ་འཛིན་ཐུབ་སྟེ་ཐད་ཀར་ཁ་གཏད་ཀྱི་སྒོའི་ནང་བླུག་པ་ཞིག་རེད།  སྡུར་གྲངས་རྗེས་ལུས་ཐེབས་པའི་ཁེ་རོ་སི་ཡ་རུ་ཁག་གིས་ཕར་རྒོལ་བྱས་ཀྱང་འགྲན་བསྡུར་གྱི་འགྲོས་དེ་དབྱིང་ལན་གྱི་འགྲོས་དང་མཐུན་ཆ་ཆེ་བ་བྱུང་ནས་ཕྱི་ཚུལ་ལ་འགྲན་བསྡུར་འཁྲུག་ཆ་དོད་མདོག་ཁ་པོ་ཡོད་ན་ཡང་།  དོན་དུ་ཁ་གཏད་ཀྱི་སྒོའི་ཕྱོགས་ལ་ཉེན་ཁ་དེ་ཙམ་ཆེན་པོ་བཟོ་ཐུབ་ཀྱི་མེད་པ་དང་།  དེ་ལས་ལྡོག་ཏེ་དབྱིང་ལན་གྱིས་ཕར་རྒོལ་བྱས་པ་དེས་ཁ་གཏད་ཀྱི་སྒོའི་མདུན་དུ་ཉེན་ཁ་ཆེ་བ་བཟོ་ཐུབ་ཀྱི་ཡོད་ན་ཡང་འགྲན་སྟོད་ཚར་དུས་སྡུར་གྲངས ༡ དང་ ༠ དེར་སུས་ཀྱང་འགྱུར་བ་གཏོང་ཐུབ་མེད།

འགྲན་སྨད་དུ་ཕྱོགས་གཉིས་པོས་མུ་མཐུད་འགྲན་རྩོད་དྲག་པོ་བྱས་པ་དང་།  ཁེ་རོ་སི་ཡ་རུ་ཁག་གིས་འཐབ་རྩལ་ལ་འགྱུར་བ་བཏང་བ་དང་འཐབ་རུ་མདུན་ངོས་སུ་སྣུར་བས་རིམ་བཞིན་འགྲན་བསྡུར་གྱི་འགྲོས་དེ་རང་སོ་སོའི་འགྲན་འགྲོས་དང་བསྟུན་ཐུབ་པ་བྱུང་བས།  དབྱིང་ལན་གྱིས་ཚུར་ཉེན་ཁ་བཟོ་ཤུགས་ཆུང་དུ་ཕྱིན་པ་དང་ཕར་རྒོལ་གྱི་ལས་ཆོད་ཀྱང་མཐོ་རུ་ཕྱིན་ནས་སྐར་མ ༦༨ ཐོག་ཁ་གཏད་ཀྱི་རྒྱབ་སྲུང་རུ་མིས་སྤོ་ལོར་མགོ་རྡུང་རྩིས་བྱེད་ཁར་ཕི་རི་སི་ཀི་བློ་བུར་དུ་དཀྱིལ་འཁོར་ནང་མཆོངས་ཡོངས་ནས་རྐང་པས་ཐུག་ཙམ་ཞུས་པའི་སྤོ་ལོ་དབྱིང་ལན་གྱི་སྒོའི་ནང་འཛུལ་ནས་སྡུར་གྲངས་ཀྱང་ ༡ དང ༡ ལ་གྱུར་ཡོད།  དེ་ནས་སྐར་མ་བཞི་ཙམ་ལས་མ་ཕྱིན་པར་དབྱིང་ལན་གྱི་རྒྱབ་རུ་འཁྲུག་པའི་གོ་སྐབས་དང་བསྟུན་ནས་ཕི་རི་སི་ཀིས་དཀྱིལ་འཁོར་གྱི་གཡོན་ངོས་ནང་རག་པའི་སྤོ་ལོ་དེ་ཤུགས་ཀྱིས་ཞུས་པ་སྒོའི་ལྕགས་གདུང་གཡས་པར་ཐེབས་པ་དང་རུ་ཁག་གཅིག་པའི་རུ་མིས་མུ་མཐུད་ཞུས་པའི་སྤོ་ལོ་དབྱིང་ལན་གྱི་སྒོ་ར་བས་བཟུང་ཡོད།  དེ་ལྟར་རུ་ཁག་དེ་གཉིས་དབར་རྒྱུན་གཏན་གྱི་སྐར་མ་དགུ་བཅུའི་འགྲན་བསྡུར་དུས་ཚོད་ནང་སྡུར་གྲངས ༡ དང ༡ ཐོག་ནས་ཐོབ་ཤོར་མ་བྱུང་བས་སྐར་མ་སུམ་ཅུའི་འགྲན་བསྡུར་འཕར་མའི་དུས་ཚོད་ནང་ཞུགས་ཡོད།

འགྲན་བསྡུར་འཕར་མའི་གོང་གི་དུས་ཚོད་སྐར་མ་བཅོ་ལྔའི་ནང་འགྲན་སྟོད་དང་འདྲ་བར་དབྱིང་ལན་གྱི་ཕར་རྒོལ་ཉེན་ཁ་ཆེ་ཙམ་ཡོད་ན་ཡང་སྤོ་ལོ་བླུག་ཐུབ་མེད་པ་དང་།  འགྲན་རའི་གཡས་གཡོན་བརྗེ་པོ་རྒྱབ་རྗེས་ཁེ་རོ་སི་ཡས་སླར་ཡང་རྩལ་ནུས་འདོན་སྤེལ་ཡག་པ་ཐུབས་སྟེ་སྐར་མ ༡༠༩ ཐོག་མཱན་ཛུ་ཁི་ཀིས་སྤོ་ལོ་གཅིག་བླུག་ཐུབ་ཡོད།  རྒྱལ་ཕམ་ཐག་གཅོད་ཐུབ་པའི་སྤོ་ལོ་དེར་བརྟེན་ནས་ཁེ་རོ་སི་ཡ་རུ་ཁག་ལ་ཨང་དང་པོ་རྩོད་ལེན་བྱེད་པའི་འགྲན་བསྡུར་ནང་ཞུགས་དབང་རག་ཡོད་པ་དང་འགྲན་རྩོད་དེའི་ནང་གི་ཁ་གཏད་ནི་ཧྥ་རན་སི་རུ་ཁག་ཡིན།  རྒྱལ་ཁ་ཤོར་བའི་དབྱིང་ལན་རུ་ཁག་གིས་པེལ་ཀྲེམ་རུ་ཁག་དང་འགྲན་བསྡུར་བྱས་ནས་ཨང་གསུམ་པ་རྩོད་ལེན་བྱེད་རྒྱུ་རེད།།

 

པར་རིས་ཡོང་ཁུངས་དེང་ཤུན་དྲ་བ།

  ༼  མིག་ཚེས་སྒྲིག ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]