བོད་ཀྱི་ལོ་གསར།

ཡོང་ཁུངས།   བོད་ཀྱི་ཡུལ་སྲོལ་རྣམ་བཤད།       རྩོམ་པོ།   རྡོ་མགོན་གསང་བདག་རྡོ་རྗེ།      སྤེལ་དུས།   2019-01-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱིར་ན་ལོ་གསར་ཞེས་པ་ནི་ལོ་གཅིག་གི་ལོ་འགོ་གསར་དུ་ཤར་བ་ལ་ཟེར་ཞིང་།  འོན་ཀྱང་རང་རེའི་བོད་ཀྱི་ཡུལ་འདིར་ཧོར་ལུགས་དང་ནག་རྩིས་ཁག་གཅིག  གསོ་དཔྱད་པ་བཅས་ཀྱིས་ཧོར་ཟླ་དང་པོར་ལོ་འགོ་འཛིན་པ་དང་།  མཁའ་འགྲོ་རྒྱ་མཚོའི་རྒྱུད་དང་བར་འགྱུར་གསལ་སྒྲོན་སྦས་བཅས་ཅན་གྱི་ལུགས་སུ་ཧོར་ཟླ་བཅུ་གཉིས་པ་ལོ་འགོར་འཛིན་པ་སོགས་ལོ་འགོ་འཛིན་ཚུལ་མི་འདྲ་བ་བརྒྱད་ཙམ་ཡོད་པ་ལས་ལོ་གསར་གཏོང་བའི་དུས་ཚོད་ཁྱབ་ཆེ་བར་རྒྱལ་པོ་ལོ་གསར་དང་།  སོ་ནམ་ལོ་གསར།  བོད་ཟླ་བཅུ་གཅིག་པའི་ལོ་གསར།  བོད་ཟླ་བཅུ་པའི་ལོ་གསར་བཅས་ཁག་བཞིར་འདུ་བ་ཡིན།

༡.རྒྱལ་པོ་ལོ་གསར།  དེ་ནི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཡིན་ཅིང་ལོ་གསར་འདིའི་བྱུང་ཚུལ་ནི་དུས་རབས་བཅུ་གསུམ་པའི་དུས་འགོར་ཧོར་ཇིང་གིར་གྱི་རྒྱལ་པོས་བོད་ལྗོངས་དབང་དུ་བསྡུས་རྗེས་རྒྱ་ནག་གི་ཧོང་ལེ་དང་བོད་ཟླ་དང་པོ་མཐུན་པར་བརྟེན་ཧོར་ལུགས་ལྟར་བོད་ཟླ་དང་པོར་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས།  སྐབས་དེར་ས་སྐྱའི་ལོ་ཐོ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་ཞེས་པའི་སྲོལ་དར་བ་དེ་དག་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པ་ཚང་མས་ལོ་གསར་དུས་སྟོན་དུ་བྱེད་ཅེས་བྱམས་པ་རྒྱལ་མཚན་ལགས་ནས་བྲིས་པ་གནང་བའི༼ བོད་སྔ་རབས་ཀྱི་མཛད་ཆེན་དང་དུས་སྟོན་ཁག་གི་གཏམ་ངོ་མཚར་ཅན་གྱི་ལྟད་མོ ༽ཞེས་པ་ཞིག ༡༩༨༤ ལོའི་ལྷ་ས་སྐྱིད་ཆུ་ཞེས་པའི་དུས་དེབ་དང་པོར་འཁོད་པ་ལྟར་རྒྱལ་པོ་ལོ་གསར་ཞེས་པའི་མིང་དེ་སྐབས་དེ་ཙམ་ལ་ཐོག་པར་ངེས་ཀྱང་།  ལོ་གསར་གཏོང་སྲོལ་གྱི་ཟླ་དུས་ཚེས་གྲངས་དེ་ནི་སྐབས་དེར་ཐོག་མར་བྱུང་བ་བརྗོད་དཀའ་སྟེ་བོད་དུ་ལོ་འགོ་རྩི་སྟངས་མི་འདྲ་བ་དུ་མ་ཡོད་པ་ལས་དབུས་གཙང་ཁུལ་དུ་ཟླ་བ་དང་པོར་ལོ་འགོ་རྩི་བ་ཡང་ཧོར་ལུགས་ཁོ་ན་མིན་པའི་ཤོད་སྲོལ་ཞིག་ཀྱང་སྣང་ཡང་ཡིད་བརྟན་འཕེར་ངེས་ཀྱི་ཡིག་ཆ་སོགས་ད་བར་མ་རྙེད་པས་ཐག་ཆོད་པ་ནི་བརྗོད་པར་དཀའ།  ལོ་གསར་འདི་ནི་རྒྱས་སྤྲོས་ཆེ་ཆུང་ཙམ་མ་གཏོགས་མདོ་སྟོད་སྨད་དང་།  དབུས་གཙང་སོགས་ཧ་ལམ་བོད་རིགས་གནས་པའི་ས་ཁུལ་ཡོངས་རྫོགས་ཀྱིས་དགའ་གཏོང་བྱེད་པའི་ལོ་གསར་ཞིག་ཡིན།  ལྷ་ས་དང་ལྷ་སའི་ཉེ་འཁོར་གྱི་རྫོང་ཁག་ལས་སྙེ་མོ་དང་ཆུ་ཤུར་རྫོང་ཁོངས་ཤེལ་གྲོང་སོགས་ལུང་པ་ཁག་གཅིག་མ་གཏོགས་གཞན་སྟོད་ལུང་སོགས་རྫོང་ཁག་རྣམས་དང་།  ནག་ཆུའི་ས་ཁུལ་མང་ཆེ་བ།  ལྷོ་ཁ་ཁུལ་བཅས་ནི་རྒྱལ་པོ་ལོ་གསར་ཁོ་ན་ལས་སོ་ནམ་ལོ་གསར་སོགས་ལོ་གསར་གཞན་རྣམས་གཏོང་མཁན་ཉུང་ཉུང་ཡིན།

༢.སོ་ནམ་ལོ་གསར།  དེ་ནི་བོད་ཟླ ༡༢ པའི་ཚེས ༡ ཉིན་གཏོང་བའི་ལོ་གསར་དེའི་བྱུང་ཚུལ་གོང་གསལ་དུས་དེབ་དེ་ལས་དུས་རབས་བརྒྱད་པ་ཁྲི་སྲོང་སྡེ་བཙན་གྱི་དུས་བོན་ཆོས་ཉམས་པ་དང་ཕྱོགས་མཚུངས་སུ།  བར་འགྱུར་གསལ་སྒྲོན་སྦས་བཅས་ཅན་གྱི་ལུགས༼ གྱིམ་ཤིང་ཀོང་ཇོའི་དུས་བོད་དུ་བསྒྱུར་བའི་རྩིས་ཀྱི་དཔེ་ཆ་ཞིག ༽ཞེས་བོད་ཟླ་ ༡༢ པའི་ཚེས ༡ ལ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བ་དང་ལྷན་དུ་བོད་ཀྱི་ལོ་གསར་གཏོང་སྲོལ་ཆགས་པ་དེ།  གནའ་སྲོལ་དང་ཀོང་ཇོ་ཕྱི་མའི་ལུགས་ཞེས་གསལ་བ་ལྟར་ཀོང་ཇོ་ཕྱི་མ་སྟེ་གྱིམ་ཤིང་ཀོང་ཇོའི་དུས་སུ་བྱུང་བའི་ལོ་གསར་གཏོང་སྲོལ་ཡིན་པ་དང་།  ལོ་གསར་འདི་ནི་གཙང་ཕྱོགས་ཀྱི་ཡུལ་གྲུ་ཀུན་དང་སྟོད་མངའ་རིས་ཁུལ་གྱི་བྱང་ཐང་འབྲོག་པ་སོགས་ཀྱིས་ཤིན་ཏུ་རྒྱས་པོ་གཏོང་སྲོལ་ཡོད།  གོང་གསལ་ཡུལ་གྲུ་དེ་དག་གིས་སོ་ནམ་ལོ་གསར་རྒྱས་པོ་གཏོང་བ་མ་ཟད་རྒྱལ་པོ་ལོ་གསར་ཏེ་ཟླ་བ་དང་པོའི་ལོ་གསར་ཡང་རྟེན་འབྲེལ་མ་འཆུགས་ཙམ་གཏོང་སྲོལ་ཡོད།  སྟོད་མངའ་རིས་ཁུལ་དུ་ཟླ ༡༢ པའི་ལོ་གསར་གཏོང་སྲོལ་གྱི་སྐོར་ལ༼ ཞང་ཞུང་སྲིད་པའི་གྲེ་འགྱུར ༽བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཀྲམ།  བོད་དམག་ཁུལ་ཁང་གི་པར་འདེབས་བཟོ་གྲྭ་ནས ༡༩༩༥ ལོ་དཔེ་སྐྲུན་བྱས་པ་ཞེས་པའི་ཤོག་གྲངས ༤༣༣ ལས༼ རུ་ཐོག་ཁྱུང་རྫོང་དཀར་མོའི་ལོ་གསར་དང་དུས་ཆེན་གཏོང་སྲོལ་སྐོར་ཆེ་ལོང་ཙམ་བརྗོད་པ ༽ཞེས་པའི་ནང་བྱང་ཐང་འབྲོག་པའི་ལོ་གསར་བོད་ཟླ ༡༡ པའི་ཚེས ༢༩ ཉིན་དགུ་ཐུག་བཏང་།  དགུ་གཏོར་མེ་རོ་དབྱུགས་པ་བཅས་བྱེད།  ཚེས ༣༠ ཉིན་ཐབ་གཟན་ཟ་བ།  ཟླ་བ ༡༢ པའི་ཚེས ༡ ཉིན་གྱི་ཞོགས་པ་སྔ་པོ་ནས་ནང་མི་རྒན་གཞོན་ཚང་མ་གཟབ་མཆོར་སྤྲས་ནས་རྒན་གྲས་ལ་གུས་ཕྱག་བྱེད་ཅེས་སོགས་གསལ་བར་གཞིགས་ན་མངའ་རིས་ཁུལ་དུ་འབྲོག་པ་ཁག་གཅིག་གིས་ཀྱང་སོ་ནམ་ལོ་གསར་འདི་གཏོང་གིན་ཡོད་པ་རྟོགས་ཐུབ།

༣.བོད་ཟླ་བཅུ་གཅིག་པའི་ལོ་གསར།  དི་ནི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གཏོང་བའི་ལོ་གསར་རམ་ལྟོགས་བླའི་ལོ་གསར།  འདིའི་སྐོར་ལ༼ ཞང་ཞུང་སྲིད་པའི་གྲེ་འགྱུར ༽ལས་ལ་དྭགས་རོང་པའི་ལོ་གསར།  ཕྱོགས་པའི་ལོ་གསར་ཡང་ཟེར།  བོད་ཟླ ༡༠ པའི་ཚེས ༢༩ ལ་དགུ་ཐུག་འཐུང་བ་དང་མེ་རོ་དབྱུགས་ནས་ལོ་གཅིག་གི་བགེགས་བར་དག་པར་བྱེད་སྲོལ་དང་ཚེས ༣༠ ཉིན་ཐབ་གཟན་ཟ་བ།  ཟླ ༡༡ པའི་ཚེས ༡ ཉིན་ལོ་གསར་གྱི་གཟབ་མཆོར་སྤྲས།  ཞེས་སོགས་གསལ་བ་ལྟར་ལ་དྭགས་དང་མངའ་རིས་ཁུལ་གྱི་ལུང་པ་འགར་ལོ་གསར་དེ་གཏོང་སྲོལ་ཡོད་པ་དང་།  དེ་མིན་གཙང་ཁུལ་གྱི་ལུང་པ་མང་པོར་ལོ་གསར་འདི་གཏོང་གིན་ཡོད་ལ་དབུས་ཕྱོགས་ཀྱི་ལུང་པ་འགར་ཡང་གཏོང་སྲོལ་ཡོད་པར་སྣང་སྟེ།  སྙེ་མོ་རྫོང་སྙེ་མོ་ཤང་གི་གནས་ཡུལ་ཞེས་པའི་གྲོང་ཚོ་ཞིག་ཡོད་པ་དེར་ཟླ ༡༡ པའི་ལོ་གསར་དང་བཅུ་གཉིས་པའི་ལོ་གསར་ཏེ་སོ་ནམ་ལོ་གསར།  ཧོར་ཟླ་དང་པོའི་ལོ་གསར་བཅས་ལོ་གསར་གསུམ་ག་གཏོང་གི་ཡོད་ཀྱང་ཟླ ༡༡ པའི་ལོ་གསར་འདི་རྒྱས་ཤོས་གཏོང་གིན་འདུག  ཁོང་ཚོས་ལོ་གསར་སྔོན་ལ་བཏང་བ་དེར་སྙེ་མོ་བ་གཞན་ཚོས་ལྟོགས་བླའི་ལོ་གསར་ཞེས་རྗོད་ཀྱིན་འདུག  དེས་ན་ཁོང་ཚོར་ལོ་གཅིག་ལ་ལོ་གསར་ཐེངས་གསུམ་གཏོང་རྒྱུ་ཡོད་ཅེས་བཤད་ཆོག

༤.བོད་ཟླ་བཅུ་པའི་ལོ་གསར།  དེ་ནི་ཀོང་པོ་དང་ཤར་པ་སོགས་ཀྱི་ཁོངས་སུ་བོད་ཟླ ༡༠ པའི་ཚེས ༡ ལ་ལོ་གསར་གཏོང་སྲོལ་ཞིག་ཡོད་པ་དེའི་སྐོར་ལ་གོང་གསལ་ལྷ་ས་སྐྱིད་ཆུའི་དུས་དེབ་དེ་ལས།  དུས་རབས་བདུན་པའི་ནང་རྒྱ་བཟའ་ཀོང་ཇོ༼ འུན་ཤིང་ཀོང་ཇོ ༽བོད་དུ་ཕེབས་པ་ནས་བཟུང་སྔ་འགྱུར་རྒྱ་རྩིས་རྙིང་མའི་ལུགས་དང་ཡང་འགྱུར་གསལ་སྒྲོན་སྦས་བཅས་མེད་པའི་ལུགས༼ རྒྱ་བཟའ་ཀོང་ཇོའི་དུས་བོད་དུ་བསྒྱུར་བའི་རྩིས་གཞིའམ་དཔེ་ཆའི་མིང་ ༽ཞེས་པ་ལས་སྟག་གི་ཟླ ༡༠ པའི་ཚེས ༡ ལོ་འགོར་བཟུང་ནས་ལོ་གསར་གཏོང་བ་ཀོང་ཇོ་སྔ་མའི་ལུགས་ཞེས་གསལ་བ་ལྟར་དུས་རབས་བདུན་པ་ནས་དར་བའི་སྲོལ་ཞིག་ཡིན་པར་བཤད།།

  ༼  རྩོམ་སྒྲིག་ཚེ་གཡུས། ༽
མཉམ་སྤྱོད།  
བོད་ཡིག་དྲ་བ།-གསར་འགྱུར།-ལོ་གསར་སྤྱི་བཤད།
མ་ངོས།>>ཆེད་དོན།>>2019>>ས་ཕག་ལོའི་ལོ་གསར།>>ལོ་གསར་སྤྱི་བཤད།
བོད་ཀྱི་ལོ་གསར།
སྤྱིར་ན་ལོ་གསར་ཞེས་པ་ནི་ལོ་གཅིག་གི་ལོ་འགོ་གསར་དུ་ཤར་བ་ལ་ཟེར་ཞིང་། འོན་ཀྱང་རང་རེའི་བོད་ཀྱི་ཡུལ་འདིར་ཧོར་ལུགས་དང་ནག་རྩིས་ཁག་གཅིག གསོ་དཔྱད་པ་བཅས་ཀྱིས་ཧོར་ཟླ་དང་པ...
བརྙན་མཐོང་གསར་འགྱུར།
རླུང་འཕྲིན་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]