ཕག་ལོའི་ཕག་བཤད་ཚི་ལུ་ཤིག་ཤིག

ཡོང་ཁུངས།   ཕྱོགས་བསྡུས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོའི་རབ་བྱུང་བཅུ་བདུན་པའི་བོད་ས་མོ་ཕག་ལོར་ཕག་གི་སྐོར་བཤད་པར་བྱ་ན།

ཐོག་མར་ཕག་ལོའི་ཐ་སྙད་བྱུང་ཚུལ།  འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས༼ གཤེན་རབ་མི་བོ་ཆེ ༽དཔེའུ་ཙེ་རྣམ་གསུམ་བསྟན་པའི་ལེའུ་ལས།  དེ་ནས་དགུང་ལོ་བཅུ་གཉིས་བཞེས་པའི་དུས་སུ།  སྐུ་མཁར་བལ་པོ་སོ་བརྒྱད་དུ་བཞུགས་ནས་བསྟན་པ་རིན་པོ་ཆེ་རབ་ཏུ་བརྟན་པར་མཛད་པར་དགོངས་ནས།  ལྷོ་ཕྱོགས་ཀྱི་གླིང་ནས་གསེར་གྱི་བུད་མེད་སེར་མོ་ལ། གཡུའི་སྨིན་མ་འཁྱུད་པ།  དུང་གི་རྫི་མ་ཡམས་པ།  གཟི་ཡི་སྤྱན་མིག་བཀྲ་བ།  རིན་པོ་ཆེའི་པྲོག་ཞུ་གསོལ་བ།  དར་ཟབ་སྣ་ཚོགས་ཀྱི་ན་བཟའ་མནབས་པ་ཞིག་གསེར་གྱི་ཕག་མོ་ཞིག་ལ་བཅིབས་ནས།  ཞེས་སོགས་ནས།  ས་ཡི་ལྷ་མོ་བརྟན་མ་ལ།  བསྟན་པའི་གཉེར་གཏད་ནས་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པར་སངས་རྒྱས་ཀྱི་བསྟན་པ་འཛིན་པ་རུ།  ལོ་མཛོད་བཅུ་གཉིས་ཀྱི་ཐ་མ་ངུར་མོ་ཕག་གི་ལོ་ལ་ཞལ་གྱིས་བཞེས་སོ།  དེ་ལྟར་དུ་སའི་ལྷ་མོ་བརྟན་མས་གསེར་གྱི་ཕག་མོ་ལ་བཅིབས་ནས་སྟོན་པའི་དྲུང་དུ་འཁོད་པས་ལོ་ཕག་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། །

ཕག་གི་ངོ་སྤྲོད།  ཕག་ནི་འོ་འཐུང་གི་སྲོགས་ཆགས་རྨིག་པ་ཁ་དབྲག་ཅན་གྱི་སྡེ་ཚན་སུ་རྟོགས་པའི་གཡུང་དྭགས་ཞིག་ཡིན།  ཁྱབ་ཡུལ་ལྷོ་སྣེ་གླིང་མ་ཐེ་བའི་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ཡོད།  མིང་གི་རྣམ་གྲངས་ལ།  འཁོར་ལོའི་སྣ་ཅན་དང་ངུར་སྒྲ་ཅན།  མཆུ་རིང་།  སྤུ་རིང་།  མང་སྐྱེ།  ས་སློག  མཆེ་བ་ཅན།  ས་འཇོམས་བཅས་སོ།  ཕག་ནི་ཕག་རྒོད་མིས་འདུལ་གསོ་བྱས་པ་ཡིན་ལ།  རོང་ཁུལ་གྱི་སྒོ་ཕྱུགས་ཀྱི་ཁོངས་སུ་གཏོགས།  དེའི་གཟུགས་གཞིའི་ཆེ་ཆུང་ལ་ངེས་པ་མེད།  ཁ་དོག་གིས་དབྱེ་ན་དཀར་པོ་དང་།  ནག་པོ།  ཁྲ་བོ་སོགས་ཡོད།  མདོག་གང་ཡིན་ཡང་སྤུ་རྩུབ་ལ་རིང་བ་དང་།  སྣ་དབྱིབས་འཁོར་ལོ་འདྲ་བས་ས་སློག་པ་སོགས་བྱ་བ་ཚང་མ་སྣས་བྱེད་ཅིང་ཤུགས་ཀྱང་ཆེན་པོ་ཡོད།  རྣ་བ་གཉིས་ཆེ་ཞིང་གཉའ་སྟེང་དུ་ཕག་ཟེ་ཞེས་པ་སྤུ་ཤིན་ཏུ་གྱོང་ལ་རྩུབ་པ་གྱེན་དུ་ལངས་ཏེ་སྐྱེ་བ་དང་མཇུག་མ་ཐུང་ལ་སྐད་འབྲི་ལྟར་གྲགས།  ཕག་རྒོད་ཅེས་ཕག་ལ་རིགས་གཞན་ནགས་ཁུལ་གྱི་རིར་གནས་པའི་ཕག་པའི་རིགས་ཤིག་སྟེ།  གཟུགས་དབྱིབས་ལ་སོགས་པ་ཚང་མ་ཕག་པ་དང་ཁྱད་པར་ཆེར་མེད་ཀྱང་།  གཟུགས་ཤིན་ཏུ་ཆེ་ཞིང་སྤུ་ཁམ་ནག་རྩུབ་ཅན་གྱོང་བ་ཁབ་དབྱིབས་འདྲ་བའི་སྤུ་རྩེ་ཁམ་སེར་ལ་ཡལ་ག་ལྟ་བུའི་རྩེ་གཉིས་གསུམ་ཙམ་གྱེས་ཡོད་པ་དང༌།  སུག་བཞི་སྦོམ་ཞིང་ཅུང་ཟད་ཐུང་བ་དང་མཇུག་མ་ཕྲ་བ།  སྣ་དང་འགྲམ་པ་རིང་ཞིང་སྣའི་རྩེ་སྒོར་བ་འཁོར་ལོའི་དབྱིབས་འདྲ་བ།  ཤེད་ཤུགས་ཧ་ཅང་ཆེན་པོ་ལྡན་པ།  མཆེ་བ་སེར་སྐྱ་མཐོ་གང་ཡས་མས་ལ་ཟུར་གསུམ་གྱི་དབྱིབས་དོད་པའི་རྩེ་རྣོ་བ་གྱེན་དུ་ལངས་པ་དང་རྣ་བ་ཆེ་ཞིང་ཐུར་དུ་འཕྱང་བ་ཡིན།  རྒྱུན་དུ་འཚོ་གནས་བྱེད་ཡུལ་ནགས་ཚལ་དང་ཤིང་མ་ལྡུམ་གྱི་གསེབ་དང་ན་གཤོངས་སོགས་སུ་ཡིན་པ་དང༌།  དབྱར་དུས་ཚ་གཡོལ་ཆེད་དུ་ལུང་པ་བསིལ་སར་ཡིབས་ནས་སྡོད་པ་དང༌།  དགུན་དུས་རླུང་ཆུང་ཞིང་ཉི་མ་དྲོ་བའི་ཕུ་ལ་རྒྱུ་བ།  སྟོན་དཔྱིད་གཉིས་སུ་ཡངས་ཤིང་ས་རྒྱ་ཆེ་བའི་གནས་གང་སར་འགྲོ་སྡོད་བྱེད་པ་དང༌།  སྤྱིར་བཏང་ཁྱུ་སྒྲིགས་ནས་རྒྱུ་བ་མང་ཞིང་རེ་འགའ་ཕོ་གཅིག་ཡལ་དགར་སྡོད་པའང་ཡོད།  སྔ་དགོང་དང་མཚན་མོའི་དུས་སུ་ཉིན་མོ་ལས་འགྲོ་རྒྱུགས་མང་ཞིང༌།  ཟས་སུ་རྩི་ཤིང་རིགས་ཀྱི་རྩ་བ་དང༌།  ཡལ་ག  ལོ་མ།  འབྲས་བུ།  མེ་ཏོག་སོགས་ཟ་བ་མ་ཟད་ད་དུང་འབུ་སྦྲང་གི་རིགས་དང་སྦལ་ལྕོང་སོགས་ཀྱང་ཟ།

ཕག་པའི་ཤ་སོགས་སྨན་རིགས་བརྒྱད་ཡོད་པས་དེ་དག་སྨན་རྒྱུ་ལས་སྣོན་རྗེས་ཀྱི་ཕན་ཡོན།  ༡.ཕག་ཤ་ཡིས་བད་ཀན་སྨུག་པོའི་ནད་སེལ།  ༢.ཕག་ཁྲག་གིས་དུག་ནད་དང་།  འདུས་པ་སྨུག་པོའི་ནད་བྱེར་བ་བསྡུ་བར་བྱེད།  ༣.ཕག་པའི་ཚིལ་ལུས་དུག་ནད་བྱེར་བ་དང་།  རུས་ཚིགས་སོགས་ལ་ཆུ་སེར་འཁོར་བ།  གླང་ཤུ་དང་པགས་ནད་ཟ་འཕྲུག་སོགས་ལ་ཕན།  ༤.ཕག་པའི་རྐང་མར་གྱིས་སྐྲ་དང་སྨིན་མ་བྱི་བ་སོགས་ལ་ཕན།  ༥.ཕག་པའི་ལྕེ་ཡིས་རུས་འཛེར་དང་།  རུས་འབྲས་ལ་ཕན།  ༦.ཕག་ཐོད་ཀྱིས་དམུ་ཆུའི་ནད་སེལ།  ༧.ཕག་རུས་ཀྱིས་སྨུག་པོའི་ནད་སེལ།  ༨.ཕག་པའི་མཁྲིས་པས་རྨ་དགུ་དང་ཚད་པ་སེལ་ཞིང་མིག་ལ་ཕན།  ༩.ཕག་པའི་བྲུན་གྱིས་མ་ཞུ་བ་འཇུ་ཞིང་མཁྲིས་སྐྲན་སེལ་བ་དང་།  གཉན་རིམས་དང་གྲང་མཁྲིས་སོགས་ཀྱང་འཇོམས་པར་བྱེད་དོ།  ཤ་སོགས་སྨན་རིགས་བརྒྱད་ཞུ་རྗེས་རོ་མངར་བ་དང་།  ཞུ་རྗེས་མངར་བ།  ནུས་པ་བསིལ་ལ་ཡང་བ།  ཕག་བྲུན་རོ་ཚ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་དྲོ་ལ་རྣོ་བའོ། །  གོང་གསལ་ཤ་ཁྲག་སོགས་སྨན་སྣ་དེ་དག་ལས་ཕག་བྲུན་མ་གཏོགས་གཞན་རྣམས་ལ་ལས་སྣོན་དམིགས་བསལ་མེད་ཀྱང་།  བསིལ་སར་སྐམ་ནས་ཧམ་རུལ་སོང་བ་དང་རྙིང་པའི་རིགས་སྤྱོད་མི་རུང་།  དབྱར་དུས་ལོ་མ་དང་མེ་ཏོག་སོགས་རྩི་ཤིང་གི་རིགས་ཟ་བ་དང་།  སྟོན་མཚམས་སུ་རྩི་ཤིང་གི་འབྲས་བུའི་རིགས་ཟ་བའི་བྲུན་བཟང་བ་དེ་ནུས་བསྲེགས་བཏང་ནས་སྤྱོད་དགོས།

སྨན་རྩིས་ཐ་སྙད་ནང་དུ་ཕག་གི་མིང་དང་འབྲེལ་བ།  ཕག་བྲུན་ནུས་བསྲེགས།  ཕག་པའི་དྲི་ཆེན་མེ་ལ་དུད་པ་མ་ཤོར་བ་བསྲེགས་པའི་ཐལ་བ།
ཕག་གྲུབ།༼ སྨན ༽ ཕག་མོ་གྲུབ་པའི་སྦྱོར་བ་འདིའི་ཕན་ཡོན་ལྷེན་སྐྲན་མ་ཞུ་དང་།  བད་ཀན་སྐྱ་སྨུག་སྦོས་འདྲིལ་སྐྱུགས།  མདོར་ན་ཚ་རིམས་གསར་མ་གཏོགས།  མ་ལུས་བ་མོར་ཉི་ཕོག་བཞིན།  སྟོབས་འཕེལ་མདངས་རྒྱས་བཅུད་ལེན་འགྱུར།

ཕག་གཟེབ་རྩྭ།  ཕག་གཟེབ་རྩྭ་ནི་མཚོན་བྱེད་ཅན་གྱི་རྩི་ཤིང་ཞིག་ཡིན།  རྩི་ཤིང་རིགས་འདི་ནི་ཚ་རྒྱུད་ནགས་ཚལ་དུ་སྐྱེ་བ་དང་།  ལོ་མའི་རྩེ་མོར་རྫ་སྣོད་ལྟ་བུའི་འབུ་འཛིན་ཁུག་མ་ཞིག་ཡོད།  སྟོན་ཁར་འཐུ་བ།  དུམ་བར་གཏུབས་ནས་སྐམ་པའི་ཆོག  རོ་བསྐ་བ།  ངོ་བོ་བསིལ་བ།  ཕན་ནུས།  དུག་སེལ་བ།  གློ་ལུ་བ།  ཕོ་བ་ན་བ།  བཤལ་ནད།  སྐྲངས་པ།  འབུས་སོ་བཏབ་པ་སོགས་ལ་ཕན།

ལོ་རྒན་དྲུག་བཅུའི་ནང་གི་ཕག་ལོའི་མིང་གི་མངོན་བརྗོད། ན་ཚོད་ལྡན༼ ཤིང་ཕག ༽  ཐམས་ཅད་འདུལ༼ མེ་ཕག ༽  སྒྱུར་བྱེད༼ ས་ཕག ༽  འགལ་བྱེད༼ ལྕགས་ཕག ༽  ཁྲག་སྐྱུག༼ ཆུ་ཕག ༽

ལོ་ཡི་སྐྱེས་ཚང་བཤད་པའི་ཕག་ལོའི་སྐྱེས་ཚང་།  ༼ རྩིས་གཞུང་བེེ་དཀར ༽ལས།  ཕག་ལོ་ཞེ་ནག་རང་གཤིས་རྩུབ།  གཙང་སྦྲ་ཆུང་ཞིང་རྒས་ཁར་སྐྱིད།  མཐོ་བྱམས་དམའ་སྡང་བརྡུལ་ཞུག་ཆེ། སེམས་ཚབ་ངོ་གནག་ཟ་ལ་དགའ།  རྩིང་དུ་སྨྲས་ཀྱས་གཞན་མི་འཇིགས།  གཤིས་ངན་བུད་མེད་མཛའ་བོས་བསླུ།  ཚེ་ཚད་རེ་བཞི་བར་ཆོད་ལྔའོ།

ཤིང་ཕག ༽ ཁ་དཀར་ཞེ་ནག་ཡིན།  ཟས་ནོར་འཛད་ལ་གྲི་ངོ་ཡོད།  ངོ་ཚ་ཆུང་ལ་བར་ཆད་ལྔ།  བཅུ་གསུམ་ཉེར་ལྔ་སོ་གསུམ་དང་།  ཞེ་གསུམ་ང་བདུན་རྣམས་ལ་རྩུབ།

མེ་ཕག ༽ ཁོག་འགྱོགས་གྲྭ་བར་འགའ།  རྒྱུ་ནོར་རེས་ཡོད་རེས་མེད་འབྱུང་།  ཚེ་ཚད་དོན་ལྔ་བར་ཆོད་ལྔ་།  ལོ་གཉིས་དགུ་དང་བཅུ་གཉིས་དང་།  ཞེ་གཅིག་ང་ལྔ་ལ་ནི་རྩུབ།

ས་ཕག ༽སེམས་དཀར་ཕྲག་དོག་ཆེ།  དུར་ས་ལེད་པས་དར་གུས་ཆེ།  ཚེ་ཚད་གྱ་ལྔ་བར་ཆོད་བཞི།  བཅུ་བདུན་ཉེར་བརྒྱད་སོ་དྲུག་དང་།  རེ་དྲུག་རྣམས་ལ་རྩུབ་པ་ཡིན།

ལྕགས་ཕག ༽སྤྲོ་ཐུང་ཕ་ཚན་རྒུད།  ཚེ་ཚད་དོན་གཉིས་སོ་བདུན་དང་།  བཞི་བཅུ་ང་གཉིས་རེ་གཉིས་རྩུབ།

ཆུ་ཕག ༽ཁོག་ཡངས་ང་རྒྱལ་ཆེ།  རོ་སྟོད་མཆིས་པ་དག་ཀྱང་ན།  བཅོ་ལྔ་ཉེར་ལྔ་སོ་ལྔ་དང་།  བཞི་བཅུ་ང་གཉིས་རེ་གཉིས་རྩུབ།
ཕག་གི་མིང་དང་འབྲེལ་བའི་གཏམ་དཔེ།
ཁྲུང་ཁྲུང་བྱང་ལ་འགྲོ་དུས། །ཕག་པ་ཇུས་གཏོགས་མིན་འདུག །ཕག་པ་ཕག་ཚང་ནང་དུ། །སྡུག་རྐུབ་ཚུམས་ནས་སྡོད་ཤིག ། 

ར་བསད་ན་ལུག་འདར། །ཁྱི་བརྡུང་ན་ཕག་བྲོས། ། 

རྟ་རྒན་སྒལ་བཅོས་བྱས་པ་ངན་ལ་མངོན། །ཕག་པ་སྡོམ་གསོས་བརྒྱབ་པ་བཟང་ལ་མངོན། །
ཕག་གི་ཤ་དང་འབྲེལ་བའི་ཟས་རིགས།
སོ་ལོ་ཕག་བརྔོས། ༽ ཕག་ཤ་སིལ་སིལ་གཏུབ་རྒྱུ་དང་།  སོ་ལོ་སྔོན་པོ་དང་དམར་པོ་སིལ་སིལ་གཏུབས་ནས་ཁུ་བ་ཞུ་རྒྱུ།  དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཕག་ཤ་བརྔོས་ཐོག་ལྒ་སྨུག་དང་།  གཡེར་མ།  ཚྭ།  ལྗང་ཡུའུ་བཅས་བླུག་རྒྱུ་མ་ཟད། སོ་ལོ་སྔོན་པོ་དང་དམར་པོ་བླུགས་ནས་བརྔོ་ཙམ་བྱ་རྒྱུ།  མཇུག་ཏུ་བཙོང་དང་ཤ་སྨན་རྒྱག་རྒྱུ།

ཕག་གཞུག་བརྔོས་མ། ༽ ཕག་གཞུག་གཏུབས་ནས་བཙོ་རྒྱུ་དང་།  ཨོའོ་སུན་དང་ལབ་སེར་ཕག་གཞུག་འདྲ་བ་གཏུབས་ནས་ཁུ་བ་ཞུ་རྒྱུ།  དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ལྒ་སྨུག་དང་།  སྒོག་པ།  ཚྭ།  སུར་པན་གང་བུ་ཆུ་སྦང་བཅས་བླུགས་ནས་བརྔོས་ཐོག་ཕག་གཞུག་དང་།  ཨོའོ་སུན།  ལབ་སེར་བཅས་བརྒྱབ་ནས་བརྔོ་རྒྱུ་མ་ཟད།  མཇུག་ཏུ་ཆུ་ཕྲན་བུ་བླུགས་ནས་ཚོས་ཁར་བཙོང་དང་།  ཕིང་རྩམ་ཆུ་སྦང་།  ཤ་སྨན་བཅས་རྒྱག་རྒྱུ།

ཕག་རྣ་ཁ་ཚ། ༽ ཕག་རྣ་བཙོས་མ་ཏི་ཀ་སྲབ་པོ་གཏུབ་རྒྱུ།  དེ་རྗེས་སུར་པན་དང་།  གཡེར་མ།  ཤ་སྨན།  ཚྭ།  ལྒ་སྨུག  ཏིལ་དཀར་བཅས་མཉམ་བསྲེས་བཏང་བའི་ཐོག་སྣུམ་བཙག་བཅད་པ་དང་།  ཕག་རྣ།  བཙོང་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།

ཕག་གཞུག་རླངས་བཙོས། ༽ ཕག་གཞུག་རིང་ཙམ་གཏུབས་ནས་ཁུ་བ་ཞུས་ཏེ་ཕོར་བའི་ནང་བསྒྲིགས་ཐོག་སུར་པན་གང་བུ་དང་།  གཡེར་མ།  ཚྭ།  ལྒ་སྨུག  སྒོག་པ།  ལབ་སེར་ཟུར་གསུམ།  ཤ་སྨན་བཅས་བླུག་རྒྱུ།  དེ་རྗེས་ཚལ་སླང་ནང་བྱེ་མ་ཀ་ར་བཞུར་ནས་ལྦུ་བ་ཞངས་སྐབས་ཆུ་ཚ་པོ་ཕྲན་བུ་བླུགས་ནས་ཁུ་བ་དམར་པོ་ཆགས་རྗེས་ལྗང་ཡུའུ་ཕྲན་བུ་དང་མཉམ་དུ་ཕོར་བའི་ནང་གི་ཕག་གཞུག་ཐོག་བླུགས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།
ཕག་རྩིབ་མངར་མོ། ༽ ཕག་རྩིབ་ཏི་ཀ་གྲུ་བཞི་གཏུབས་ནས་ཆུའི་ནང་བཙོ་ཙམ་བྱས་རྗེས་ཆུ་གྲང་མོས་གཙང་མ་བཀྲུ་རྒྱུ།  དེ་རྗེས་ཚལ་སླང་ནང་བྱེ་མ་ཀ་ར་བཞུར་ནས་ལྦུ་བ་ལངས་སྐབས་ཆུ་ཁོལ་ཕྲན་བུ་དང་།  ཚྭ།  ལྒ་སྨུག  རི་སྒོག  བཙོང་།  ཕག་རྩིབ།  ཚུའུ།  ལྗང་ཡུའུ་བཅས་བླུགས་ནས་མཉམ་དུ་བསྐོལ་ཏེ་ཁུ་བ་འཐག་ཁར་སྣུམ་དང་ཤ་སྨན་བརྒྱབ་ནས་ཐ་སྤག་ནང་བཏོན་ཐོག་ཏིལ་དཀར་པོ་ཁ་སྟེང་དུ་རྒྱག་རྒྱུ།
བཙོང་ཕག་བརྔོས་མ། ༽ ཕག་ཤ་སིལ་སིལ་ལམ་ལྷེབ་ལྷེབ་གང་རུང་གཏུབས་ནས་ཚྭ་དང་།  སྒོ་ང་།  ཕིང་རྩམ་ཆུ་སྦང་བཅས་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ་དང་།  བཙོང་སིལ་སིལ་གཏུབ་རྒྱུ།  དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཕག་ཤ་རོབ་ཙམ་བཀྲག་ནས་བཏོན་རྗེས་ཡང་བསྐྱར་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཕག་ཤ་རྔོ་བ་དང་ཆབས་ཅིག་བྱེ་མ་ཀ་ར་དང་།  གཡེར་མ།  ལྒ་སྨུག  སྒོག་པ།  བཙོང་།  ཤ་སྨན།  ལྗང་ཡུའུ།  ཚུའུ་བཅས་བླུགས་ནས་མཉམ་དུ་བརྔོ་རྒྱུ།
ཕག་པའི་ཉྭ་རིལ་ཁ་ཚ། ༽ ཕག་པའི་ཉྭ་རིལ་ནང་གི་རུས་པ་བཏོན་ཏེ་ཤ་པགས་སྐུད་པས་བསྡམ་རྒྱུ།  དེ་རྗེས་ཧ་ཡང་ནང་བྱེ་མ་ཀ་ར་བཞུར་ནས་ཚྭ་དང་།  ཆུ།  སུར་པན་གང་བུ།  སྒོག་པ།  ལྒ་སྨུག  ཕག་པའི་ཉྭ་རིལ་བཅས་བླུགས་ཏེ་མཉམ་དུ་བཙོ་རྒྱུ་མ་ཟད།  ཕག་པའི་ཉྭ་རིལ་ཚོས་མཚམས་ཏི་ཀ་ལྷེབ་ལྷེབ་གཏུབས་ནས་སྣུམ་བསྲེས་སུར་པན་དང་།  ཤ་སྨན།  ཚུའུ།  གཡེར་མ།  ཏིལ་དཀར་པོ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།
ཕག་ཤའི་རྒྱ་ཁོག ༽ ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས།  རྒྱ་ཁོག་ནང་ཕག་རྩིབ་སྟར་པ་གཅིག་དང་།  པད་ཚལ་དང་ཕིང་སྟར་པ་གཅིག  ཕག་ཤ་སྟར་པ་གཅིག  ཨོའོ་སུན་དང་།  ལབ་སེར།  ཕག་ཤ་རླངས་བཙོས།  པད་ཚལ་དཀར་པོ་སྟར་པ་གཅིག་བཅས་རིམ་པར་བསྒྲིགས་ཐོག་ལྒ་སྨུག་དང་།  གཡེར་མ།  ཚྭ།  བཙོང་།  སུར་པན་བཅས་སྣུམ་ནང་བརྔོས་རྗེས་ཤ་ཁུའི་ནང་བླུགས་ནས་བསྐོལ་ཏེ་ཁུ་བ་དེ་རྒྱ་ཁོག་ནང་བླུགས་ནས་ཤ་ཚལ་རྣམས་བཙོ་རྒྱུ།

བོད་ཕག་གདུས་རུལ། ༽ བོད་ཕག་གི་རྩིབ་མ་དང་ལ་ཕུག་གྲུ་བཞི་ནར་མོ་གཏུབས་ནས་ལ་ཕུག་ཁུ་བ་ཞུ་རྒྱུ།  དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་བོད་ཕག་གི་རྩིབ་མ་བརྔོས་ཐོག་ཚྭ་དང་།  གཡེར་མ།  ལྒ་སྨུག་བཅས་རྒྱག་རྒྱུ་མ་ཟད།  ཆུ་དང་ལ་ཕུག་བླུགས་ནས་བསྐོལ་རྒྱུ།  ཕག་རྩིབ་དང་ལ་ཕུག་ཚོས་མཚམས་ལ་བཙོང་དང་ཤ་སྨན་རྒྱག་རྒྱུ།

བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཕག་ལོའི་ལོ་ཚིགས་དོན་ཆེན་མདོར་བསྡུས།

ས་ཕག་སྤྱི་ལོའི་གོང་ ༩༢༢ ལོར་ཕུག་པ་ལྷུན་གྲུབ་རྒྱ་མཚོའི་རྩིས་ཀྱི་ལུགས་ལས་སྟོན་པ་སངས་རྒྱས་དང་ཡབ་ཟས་གཙང་མ་རྣམ་གཉིས་མཇལ་ནས་ཡབ་སྲས་ཀྱི་མདོ་གསུངས་པར་བཞེད།
ཤིང་ཕག་སྤྱི་ལོའི་གོང་ ༨༨༦ ལོར་སྟོན་པ་སངས་རྒྱས་ཀྱིས་སྤྲིན་ཆེན་པོའི་མདོ་དང་།  གསེར་འོད་དམ་པ།  རྒྱན་སྟུག་བཀོད་པའི་མདོ་རྣམས་གསུངས།
ཤིང་ཕག་སྤྱི་ལོ ༢༥༥ ལོར་བོད་རྗེ་ལྷ་ཐོ་ཐོ་རི་གཉན་བཙན་ཡབ་ཁྲི་ཐོག་རྗེ་ཐོག་བཙན་དང་ཡུམ་རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོའི་སྲས་སུ་འཁྲུངས་ཞེས་བེེ་དཀར་སོགས་ལས་གསུངས།

ལྕགས་ཕག་སྤྱི་ལོ ༦༥༡ ལོར་ར་ས་འཕྲུལ་སྣང་བཞེངས་ཞེས་དཔལ་སྤྲུལ་གྱིས་བཞེད།
ལྕགས་ཕག་སྤྱི་ལོ ༨༣༡ ལོར་མུ་ནེ་བཙན་པོ་འཁྲུང་ཞེས་པཎ་ཆེན་བསོད་གྲགས་ཀྱིས་བཞེད།
ཤིང་ཕག་སྤྱི་ལོ ༨༥༥ ལོར་མངའ་བདག་ཁྲི་རལ་པ་ཅན་འཁྲུངས་ཞེས་ས་པཎ་གྱིས་བཞེད།

ཆུ་ཕག་སྤྱི་ལོ ༩༠༣ ལོར་གནམ་ལྡེ་འོད་སྲུངས་ནི་ཡབ་ཁྲི་དར་མ་འུ་དུམ་བཙན་དང་ཡུམ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་ཡུམ་བུ་བླ་སྒང་དུ་སྐུ་འཁྲུངས།
ཆུ་ཕག་སྤྱི་ལོ ༡༡༤༣ ལོར་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་འཁྲུངས།
ས་ཕག་སྤྱི་ལོ ༡༡༧༩ ལོར་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་འབྲི་གུང་མཐིལ་གྱི་དགོན་པ་ཕྱག་བཏབ།
ཤིང་ཕག་སྤྱི་ལོ ༡༣༣༥ ལོར་འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་འཁྲུངས།

མེ་ཕག་སྤྱི་ལོ ༡༤༠༧ ལོར་རྗེ་ཙོང་ཁ་པས་སྒྲུབ་པ་མཛད་ནས་བཞུགས་ཤིང་དེར༼ དྲང་ངེས་ལེགས་བཤད་སྙིང་པོ ༽བཀའ་རྩོམ་གནང༌།

ས་ཕག་སྤྱི་ལོ ༡༤༡༩ ལོར་རྗེ་ཙོང་ཁ་པ་ཆེན་མོའི་ཕུལ་དུ་བྱུང་བའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གིས་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་རྒྱབ་རི་རྒྱལ་མཚན་གྱི་དབྱིབས་འདྲ་བའི་རི་གཤམ་དུ་རི་བོ་དགེ་ལུགས་པའི་དགོན་པ་ཆེ་གྲས་སེ་འབྲས་དགེ་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་ཕྱག་བཏབ།
ཤིང་ཕག་སྤྱི་ལོ ༡༥༧༥ ལོར་རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐ་ཡུལ་དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་གནས་སུ་ཡབ་རྭ་ལོའི་གདུང་
རྒྱུད་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་ཆོས་འཁོར་སྡིངས་སུ་སྐུ་བལྟམས།
ཤིང་ཕག་སྤྱི་ལོ ༡༥༧༥ ལོར་དགའ་ལྡན་ཁྲི་ཐོག་སོ་བཞི་པ་ཁྲི་ཆེན་ངག་དབང་ཆོས་ཀྱི་རྒྱལ་མཚན་འཕན་ཡུལ་མདར་འཁྲུངས།

ཆུ་ཕག་སྤྱི་ལོ ༡༦༨༣ ལོའི་ཟླ་གསུམ་པའི་ཚེས་གཅིག་ལ་ཚངས་དབྱངས་རྒྱ་མཚོ་ནི་ཡབ་སྨྱོས་རིགས་གཏེར་སྟོན་པདྨ་གླིང་པའི་དབོན་རྒྱུད་སྔགས་འཆང་རིག་འཛིན་བཀྲ་ཤིས་བསྟན་འཛིན་དང༌།  ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་བོད་ལྗོངས་ལྷོ་ཁ་མཚོ་སྣ་རྫོང་ཁོངས་ཀྱི་ལྷོ་མོན་ལ་འོག་ཡུལ་གསུམ་བྱ་བར་སྐུ་འཁྲུངས།
ཤིང་ཕག་སྤྱི་ལོ ༡༦༩༥ ལོར་ཀརྨ་ཞྭ་དམར་བ་སྐུ་འཕྲེང་རྒྱད་པ་ཆོས་ཀྱི་དོན་གྲུབ་འཁྲུངས།

ཆུ་ཕག་སྤྱི་ལོ ༡༨༦༣ ལོར་ཚེ་ཏན་ཞབས་དྲུང་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་འཁྲུངས།
ཤིང་ཕག་སྤྱི་ལོ ༡༧༥༥ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་བསྐལ་བཟང་ཕོ་བྲང་ཕྱག་བཏབ། །

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  
བོད་ཡིག་དྲ་བ།-གསར་འགྱུར།-ཕག་ལོའི་ཕག་བཤད།
མ་ངོས།>>ཆེད་དོན།>>2019>>ས་ཕག་ལོའི་ལོ་གསར།>>ཕག་ལོའི་ཕག་བཤད།
ཕག་ལོའི་ཕག་བཤད་ཚི་ལུ་ཤིག་ཤིག
རབ་བྱུང་བཅུ་བདུན་པའི་བོད་ས་ཕག་ལོ། ཕག་ལོའི་ཐོག་མའི་ཐ་ཉིད་བྱུང་ཚུལ། ཀུན་འབུམ་ཁྲ་བོ་ཀུན་འགྱུར་རྒྱལ་པོའི་གཏོ་ཐབས་བསྟན་པའི་ལེའུ་ལས། དེ་ནས་སྟོན་པ་གཤེན་རབ་རྒུང་ལོ་བཅུ་...
བརྙན་མཐོང་གསར་འགྱུར།
རླུང་འཕྲིན་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]