ལོ་ངོ་༧༠རིང་གི་རླབས་ཆེན་གྲུབ་འབྲས་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་བཀོད་ཟིན།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འབད་འབུངས་སྟོབས་བརྩོན་གྱིས་བརྗིད་ཆེའི་བྱ་གཞག་དང་བརྗིད་ཆེའི་བློ་སྟོབས་བཏོད་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས ༡ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཀྲུང་དབྱང་དང་།  རྒྱལ་ཁབ་ལས་ཁུངས།  མི་དམངས་ཚོགས་པ་བཅས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

ཚང་མས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་རྒྱུས་ཀྱི་འགོ་འཛུགས་སའི་ཐོག་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

རླབས་ཆེན་གྱི་གྲུབ་འབྲས་ལས་མི་སེམས་ལ་སྐུལ་མ་ཐེབས་པ།

སྤྱི་ཚེས ༡ ཉིན་གྱི་སྔ་དྲོ།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་བརྙན་འཕྲིན་དང་།  དྲ་རྒྱ།  སྐད་འཕྲིན་དང་དཔོད་ཕྲན་དེ་བཞིན་དུད་སྣེ་སོགས་བྱ་ཐབས་མང་པོ་བརྒྱུད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐད་གཏོང་བལྟས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནན་ཏན་ངང་ཉན་རྗེས་ཚང་མའི་སེམས་ནང་རྒྱལ་གཅེས་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད།  ཚང་མར་ལོ་ངོ་ ༧༠ ཡི་རིང་རང་རྒྱལ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་།  སྣོད་བཅུད་ཁོར་ཡུག་པུའུ།  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་གྱུར་པའི་རླབས་ཆེན་གྱི་མཆོང་སྐྱོད་བསུས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྔར་བྱུང་མྱོང་མེད་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་བཟང་པོ་མངོན་ཡོད། དུ ས་རབས་གསར་པའི་ཀྲུང་གོ་འདི་ཉིད་དམག་གཟིགས་དཔུང་སྡེ་དང་འདྲ་བར་རྔམ་བརྗིད་ཆེ་བའི་ངང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་དེ་ཀྲུང་ཧྭ་ཡི་བུ་ཕྲུག་དུང་ཕྱུར་དུ་མར་གཟི་བརྗིད་བླ་ན་མེད་པ་ཚོར་ཡོད་ཅེས་བརྗོད་པ་རེད།

ལོ་ངོ་ ༧༠ ཡི་དྲག་ཆར་རླུང་འཚུབ་ཀྱི་ངལ་བར་མི་འཛེམ་པར།  ལོ་ངོ་ ༧༠ ཡི་རིང་འབད་འབུངས་མདུན་སྐྱོད་བྱས་ཡོད། ཞིང་ལས་གྲོང་གསེབ་པུའུ་དང་ཚོང་དོན་པུའུ་ཡི་ལས་བྱེད་པ་དང་ལས་བཟོ་ཚོས་ལོ་ངོ་ ༧༠ ནི་མིའི་རིགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འཁྱུག་ཙམ་ཞིག་ཡིན་ཡང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ངོས་ནས་བརྗོད་ན་འཕོ་འགྱུར་ཆེན་པོ་ཞིག་དང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་ངོ་ ༧༠ རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཕྱིར་དྲན་གནང་ཡོད་ལ།  རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རྒྱུན་མཐུད་འབད་འཐབ་བྱེད་པའི་རླབས་ཆེན་གྱི་འབོད་སྐུལ་གནང་ཡོད་པ་དེ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་དུས་རབས་གསར་པར་འོད་སྟོང་གསར་པའི་ཕྱོགས་སུ་བསྐྱོད་པའི་བསྒྲགས་གཏམ་ཡིག་ཆ་དང་སྐུལ་སློང་བཀའ་རྒྱ་ཞིག་ཡིན་ཞེས་བརྗོད་པ་རེད།

རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག  རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག  རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག་ཅེས་པ་དེ་སློབ་གསོ་པུའུ་དང་།  རིག་གནས་དང་ཡུལ་སྐོར་པུའི་ལས་བྱེད་པ་དང་ལས་བཟོ་ཚོའི་ངོས་ནས་བརྗོད་ན།  སྤྱི་ཁྱབ་ཧྲུའུ་ཅིའི་ངར་ཤུགས་ལྡན་པའི་བཀའ་མོལ་ལས་ཀྲུང་ཧྭ་ཡི་བུ་ཕྲུག་ཡོངས་ཀྱི་སྙིང་གཏམ་མངོན་པ་མ་ཟད།  འབད་འབུངས་མདུན་སྐྱོད་ཀྱི་ཀྲུང་གོའི་དུས་རབས་ཀྱི་གསུང་སྒྲ་ཆེན་པོའང་བསྒྲགས་ཡོད།

གཟབ་ཅིང་རྒྱས་པའི་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་ལས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་དང་།  གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ལས་བྱེད་པ་དང་ལས་བཟོ་ཚོར་སྐུལ་མ་ཆེན་པོ་ཐེབས་ཡོད།  ཁོང་ཚོས་གཟི་རྔམ་ཆེ་བའི་དམག་གཟིགས་མཛད་སྒོར་ཞུགས་མཁན་དཔུང་སྡེ་དང་བློ་སྟོབས་ཆེར་སྐྱེད་ཀྱི་ཁྲོམ་སྐོར་རུ་ཁག་ནི་ཀྲུང་གོ་གསར་པའི་ལོ་ངོ་ ༧༠ ཡི་རིང་གི་རླབས་ཆེན་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཏེ།  འཛམ་གླིང་གིས་ཀྲུང་གོའི་སྟོབས་ཤུགས་ཀྱི་དཔང་པོ་བྱས་པ་དང་།  ལོ་རྒྱུས་ཀྱིས་ཀྲུང་གོའི་ངོ་མཚར་གྱི་དཔང་པོ་བྱས་ཡོད།  རྒྱལ་ཁབ་འཕེལ་རྒྱས་དང་དུས་རབས་ཡར་ཐོན་བྱུང་བ་མིག་མཐོང་ལག་ཟིན་ཐུབ་པས་ཚང་མར་སྤོབས་པ་ཆེན་པོ་སྐྱེས་བྱུང་ཞེས་བརྗོད་པ་རེད།

ཉམས་མྱོང་རྩ་ཆེན་གྱིས་འབྱུང་འགྱུར་ལ་ལམ་སྟོན་བྱེད།

ལག་ལེན་ཟབ་མོ་ལྡན་ན་ཤེས་བྱ་ཟམ་མི་ཆད་པར་འཕེལ།  ཤེས་རྟོགས་ཟབ་མོ་བྱུང་ཚེ་ལག་ལེན་ལ་ཁ་ཕྱོགས་ལྡན།  ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ལས་བཟོ་ཚོས་འབད་འབུངས་སྟོབས་བརྩོན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས།  ཏང་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་དང་།  ཏང་སྟོབས་འབྱོར་ལྡན་ན་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་ཡོད།  ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩ་དང་སྲོག་རྩའང་ཡིན་ཞེས་བརྗོད་པ་རེད།

ཏང་གི་རྩ་བ་མི་དམངས་ལ་ཐུག་པ་དང་།  སྲོག་རྩ་མི་དམངས་ལ་ཐུག་པ།  སྟོབས་ཤུགས་མི་དམངས་ལ་ཐུག་པ་བཅས་རེད།  འཕེལ་སྒྱུར་ཨུ་ལྷན་དང་།  དམངས་སྲིད་པུའུ།  རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོས་མི་དམངས་ནི་ལོ་རྒྱུས་ངོ་མ་གཏོད་མཁན་དང་།  སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་ཞིང་བརྟན་པའི་རྨང་གཞི།  རང་རེའི་ཏང་གིས་སྲིད་སྐྱོང་བའི་གདེང་ཚོད་ཆེ་ཤོས་བཅས་རེད།  ང་ཚོས་ཆེས་ཟབ་པའི་མི་དམངས་ཀྱི་བརྩེ་སེམས་དང་ཆེས་ལྷད་མེད་ཀྱི་སེམས་དཀར་ཐོག་ནས་མི་དམངས་དང་གཅིག་སེམས་གཅིག་གཏད་དང་།  བདེ་སྡུག་མཉམ་མྱོང་།  མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་རླུང་བརྟེན་རླབས་གཤགས་དང་གྲུ་གཡོར་བསྒྲེངས་ནས་རྒྱང་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

ཁ་ཕྱོགས་ཀྱིས་འགྲོ་ལམ་ཐག་གཅོད་བྱེད་པ་དང་འགྲོ་ལམ་གྱིས་ལས་དབང་ཐག་གཅོད་བྱེད་ཀྱི་ཡོད།  ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་།  ཀྲུང་དབྱང་ཏང་གི་སློབ་གྲྭ༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽མི་སྤྱི་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམ་ག་ཞིག་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལྡོག་མེད་ལམ་བུ་ཞིག་རེད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ང་ཚོའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་ང་ཚོའི་འགྲོ་ལམ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་བཤད་པ་རེད།

 ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ནི་དུས་རབས་ཀྱི་སྙིང་བཅུད་ཡིན་ལ།  སྤྱི་ཚོགས་མདུན་སྐྱོད་ལ་ཁྲིད་སྟོན་བྱེད་པའི་རླབས་ཆེན་གྱི་དར་ཆ་ཞིག་ཀྱང་ཡིན།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།  དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ།  ཆུ་བེད་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོས་མིག་སྔར།  ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་།  གཞི་རྩའི་ལམ་ཕྱོགས།  གཞི་རྩའི་མཛད་ཇུས་བཅས་ལག་བསྟར་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་ནམ་ཡང་འབད་འཐབ་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་པ་རེད།

རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་དཀའ་སྤྱད་དངོས་སྒྲུབ་བྱེད་དགོས།  ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་།  ཕྱི་འབྲེལ་པུའུ།  བདེ་འཇགས་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོས་རྒྱུན་ཆད་མེད་པར་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།  གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་དེ་ཕུགས་བསམ་དད་སེམས་བརྟན་པོ་དང་།  འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པའི་བསམ་པའི་སྒུལ་ཤུགས།  ལས་གནས་ཐོག་གཞི་ཚུགས་པ་དང་འབད་འབུངས་ལས་སྒྲུབ་ཀྱི་བྱ་སྤྱོད་དངོས་བཅས་སུ་གྱུར་བ་བྱེད་དགོས་ཞེས་བཤད་པ་རེད།

མུ་མཐུད་འབད་འཐབ་བྱས་ཏེ་སླར་ཡང་འོད་སྟོང་བཏོད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཞེས་པའི་སྤོབས་ཉམས་ལྡན་པའི་གསུང་བཤད་ལ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་།  སྤྱི་བདེ་པུའུ།  ཁྲིམས་འཛིན་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོའི་ངོས་འཛིན་གཅིག་མཐུན་བྱུང་ཞིང་།  ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་མཛུབ་ཁྲིད་འོག་རྒྱལ་གཅེས་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་འགོ་འཛུགས་སར་རྩིས་ཏེ།  བསྐྱར་དར་གྱི་ཕུགས་འདུན་སྒྲུབ་ཆེད་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས་ཞེས་བཤད་པ་རེད།

འབད་འབུངས་བྱས་ཚེ་གྲུབ་འབྲས་ཐོབ་པ་དང་ངལ་བ་དང་དུ་བླངས་ཚེ་དམིགས་ཡུལ་མངོན་དུ་གྱུར།  ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འབད་འཐབ་བྱ་རྒྱུ་དུས་ལ་བབ་ཡོད།  ནོར་སྲིད་པུའུ་དང་།  མི་དམངས་དངུལ་ཁང་།  རྩིས་བཤེར་ཧྲུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོས་བདེ་སྐྱིད་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་དང་སྤྱི་ཚོགས་རིང་ལུགས་ནི་འབད་པས་བསྒྲུབས་ནས་བྱུང་བ་ཞིག་རེད།  ཐོག་མཐའ་བར་གསུམ་དུ་འབད་འབུངས་སྟོབས་བརྩོན་གྱི་སྙིང་སྟོབས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དུས་རབས་གསར་པར་བྱས་རྗེས་བཞག་སྟེ།  རང་འཁྲིའི་ལས་གནས་ཐོག་རླབས་ཆེན་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་གཏོད་དགོས།

བྱ་བ་མཐའ་དག་ལེགས་གྲུབ་ཐུབ་ཉེར་སྐབས་སུ་དཀའ་ངལ་དེ་བས་ཆེ་བ་ཡོད་སྟབས་འབད་པས་སྒྲུབ་དགོས།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་དལ་དལ་ལྷོད་ལྷོད་དང་རྔ་རྡུང་དར་འཕྱར་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། ཚན་རྩལ་པུའུ་དང་།  བཟོ་འཕྲིན་པུའི་ལས་བྱེད་པ་དང་ལས་བཟོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་ཚད་བརྒལ་དང་ཁོང་དུ་མགྱོགས་མྱུར་ཆུད་པ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་ཤུགས་ཆེན་བཏང་ཐོག  གསར་གཏོད་རྣམ་པའི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བཤད་པ་རེད།

ང་ཚོར་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ་ཉེན་ཁ་དང་ཚོད་བགམ་གལ་ཆེན་རབ་དང་རིམ་པ་འཕྲད་ཡོད།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་པ་དང་ལས་བཟོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་བསྲུང་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་།  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།  འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་སྒོ་ནས་ཕྲག་སྟེང་དུ་ཁུར་དགོས་ཞེས་བཤད་པ་རེད།

སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།  འཕྲལ་སྡོམ་དོ་དམ་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོས་ལོ་རྒྱུས་ཀྱི་དུས་སྐབས་དེའི་སེམས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་བ་དེ་ལས་སྒྲུབ་ལས་གཏོད་ཀྱི་དད་སེམས་སྟོབས་ཤུགས་སུ་གྱུར་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སེམས་མཐུན་སྟོབས་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ།  དུས་རབས་གསར་པར་ཀྲུང་ཧྭ་ཡི་བུ་ཕྲུག་གི་འབད་འབུངས་ཀྱི་རྒྱལ་ཁའི་གླུ་དབྱངས་ལེན་དགོས་ཞེས་བཤད་པ་རེད།

ལོ་རྒྱུས་ཀྱིས་འབྱུང་འགྱུར་ལ་འོད་ཟེར་འཕྲོ་བ་དང་རྒྱང་སྐྱོད་ལམ་བུར་རྫོགས་མཐའ་མེད།  འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རླབས་ཆེན་གྲུབ་འབྲས་བཏོད་པའི་ཀྲུང་གོ་མི་དམངས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དེ་བས་གསར་ལ་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་རྩོམ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]