དགུ་ཐུག

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2014-02-21
ལོ་རྙིང་པའི་ཟླ་བ་མཐའ་མའི་ཚེས ༢༩ ཡི་དགོང་མོར་དགུ་ཐུག་ཅེས་པའི་བག་ཚ་རྗས་དགུ་ཚང་ཞིག་སྐོལ་བ་སྟེ་རྫས་དགུ་ནི་ཤ་དང་ཕྱུར་བ།  ལ་ཕུག  གྲོ་མ།  སྔོ་ཚོད།  གྲོ་ནས་སྲན་གསུམ་དང་ཚྭ་བཅས་ཡིན་ཅིང་དགུ་ཐུག་ཅེས་པ་ཚེས་ཉི་ཤུ་དགུའི་ཐུག་པ་ཡིན་པས་དགུ་ཐུག་ཅེས་དང་རྫས་དགུ་ལྡན་གྱི་ཐུག་པ་ཡིན་པས་ཀྱང་དེ་ལྟར་བརྗོད་པའོ།  དགུ་ཐུག་གི་བག་ཚའི་ནང་དུ་བག་ཚ་གཞན་ལས་ཅུང་ཆེ་ཙམ་གྱི་ཉི་མ་དང་ཟླ་བ་སོགས་དབྱིབས་མི་འདྲ་བ་འགའ་ཞིག་དང་།  ཡང་དབྱིབས་བག་ཚ་གཞན་དང་མཚུངས་པ་ལ་གཞན་ལས་ཅུང་ཆེ་བ་ཁོག་པར་བལ་དང་དཀར་ཡོལ་སོགས་སྣ་རེ་སླུགས་པའི་བག་ཚ་ཡང་ཁ་ཅིག་བཟོས་ཏེ་དགོང་མོ་བག་ཚ་དེ་དག་ལས་གང་དང་གང་ཞིག་མི་སུ་དང་སུའི་ཕོར་པའི་ནང་ཐོན་པ་དེ་དང་དེའི་རང་གཤིས་དང་སྤྱོད་ལམ་སོགས་མཚོན་པར་ངོས་འཛིན་བྱེད་ཀྱི་ཡོད་པས།  ཐུག་པ་བླུག་མཁན་གྱིས་ཀྱང་ཟ་རུའམ་ཐུག་ཀྱོག་གིས་ཐུག་པ་བཅུ་སྐབས་མིག་མ་བལྟས་པར་བཅུས་ནས་བླུགས་ཀྱིན་ཡོད།  གོང་གསལ་དབྱིབས་དང་ཁོག་རྫས་མི་འདྲ་བ་སོ་སོའི་མིང་དང་དེ་དག་གི་མཚོན་དོན་བཅས་གཤམ་གསལ། 
ཁམ་བུ་དོན་ན་མི་དེ་ལོ་གསར་པའི་ནང་དུ་ཁམས་བཟང་པོ་ཡོང་བ་དང་།  བལ་ཐོན་ན་ངང་རྒྱུད་རིང་བ།  སྐུད་པ་ནང་སྒྲིམ་ནི་སེམས་ནང་ལ་བཅངས་པ་སྟེ་ནང་ལ་ཤ་ཚ་ཆེ་བ།  སྐུད་པ་ཕྱི་སྒྲིམ་ནི་བློ་ཕྱི་གཏད་གྲོད་པ་ནང་གཏད་ཡིན་ཟེར་བ།  ཆོས་པོ་ཏི་ཐོན་ན་ཡོན་ཏན་ཅན་དུ་གྱུར་བ།  ཊ་མ་རུའི་དབྱིབས་ཅན་ཐོན་ན་མི་དེ་མགོ་བོ་བདེ་པོ་ཡིད་བརྟན་མི་རུང་བ་ཡིན་པ།  ཉི་མ་ཐོན་ན་གཟི་བརྗིད་ཆེ་བ།  ཟླ་བ་ནི་གྲགས་དཀར་ཕྱོགས་ཀུན་ཁྱབ་པ།  དཀར་ཡོལ་ནི་ལྟོ་ལ་དགའ་ལ་ལས་ལ་གཡོལ་ཟེར་བའི་དོན།  ཆེ་བ་གཅིག་གི་སྟེང་དུ་ཆུང་བ་ཞིག་སྦྱར་ནས་ཡོད་པ་ནི་ལས་ཆགས་རྒྱབ་ཁུར་ཞེས་ཕྲུ་གུ་ཡོང་བར་བཤད་པ། 
སུ་པན་ནི་ཁ་ཚ་པོ་སྟེ་མི་ལ་ཁ་མི་བཟོ་བ།  ཟེ་མ་ར་མགོ་ནི་རླུང་ལངས་པོ།  ཚྭ་ནི་རྐུབ་ལྗིད་པོའམ་སྒྱིད་ལུག་ཅན།   སྒོག་པ་ནི་སྟུག་དྲི་ཚ་པོ།  སོལ་བ་ནི་མི་དེ་སེམས་ནག་པོ་ཡིན་པ་བཅས་ཀྱི་ཤོད་སྲོལ་ཡོད།།
༼རྩོམ་སྒྲིག་ཚེ་སྒྲོན།༽
ལོགས་སུ་ཉར་བ།  

དེ་མོ་ཡབ...

ཡེ་ཤེས་བ...