རིག་གནས་ཆུང་བ་ལྔ་ཡི་ཡ་གྱལ་ཟློས་གར།

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2015-05-13

ས་བཅད་དང་པོ། མཚམས་སྦྱར་གྱི་ཡན་ལག

རྗོད་བྱའི་དོན་གྱི་ཁྱད་པར་སྡེ་ཚན་མི་འདྲ་བ་རྣམས་རྗོད་བྱེད་ཀྱང་སྐད་རིགས་སྣ་ཚོགས་པས་ལབ་དགོས་པ་དེ་དག་གི་བར་དུ་མཚམས་སྦོར་བྱེད་ཡིན།  དེ་ལས་སྒོའི་མཚམས་སྦྱོར་ནི་དྲི་བ་དང་།  ལན་གྱི་སྒོའི་མཚམས་སྦྱོར་ནི་དྲིས་ལན་ཏེ་ཕན་ཚུན་དྲི་བ་དྲིས་ལན་གྱི་རྣམ་པ་བྱེད་རྒྱུ་དུ་མ་ཞིག་ཡོད་པའི་མིང་དང་།  སྙིང་པོ་ནི།  སྐབས་འགར་བློས་བྱེད་པ་ལྟ་བུའི་ཚིག་མང་པོ་ཕན་ཚུན་དུ་སྨྲས་པའི་མཐར་གྲོས་ཐག་བཅད་པའི་ཚུལ་གྱིས་གཏན་ལ་ཕབ་པ་ལ་སྙིང་པོ་ཟེར།  མི་བཟོད་པ་ནི།  མཚངས་ནས་འབྲུ་བའི་བརྗོད་པས་དེའི་རང་མཚང་ལ་སོགས་པའི་རྣམ་པས་མི་བཟོད་པའམ་ཆགས་པས་གཟིར་ནས་མི་བཟོད་པའི་ཚུལ་བྱེད་པའོ།  ངེས་པ་ཐོབ་བྱེད་ནི།  ཐེ་ཚོམ་དང་བཅས་པའི་བརྗོད་པ་མང་པོའི་མཐར་དོན་གཅིག་ལ་ངེས་པ་རྙེད་པ་ལྟར་བྱེད་པ་སྟེ།  དེ་རྣམས་ལ་མཚམས་སྦྱོར་གྱི་ཡན་ལག་ལྔ་ཞེས་གྲགས་སོ།།

གཞན་ཡང་སྙན་ངག་མེ་ལྔོ་གི་རྒྱ་འགྲེལ་སློབ་དཔོན་རཏྣ་ཤྲཱིས་བརྗོད་པ་ལས།  མཚམས་སྦྱོར་རྣམས་ནི་སྒོ་དང་།  ལན་གྱི་སྒོ། སྙིང་པོ།  མི་བཟོད་པ།  ངེས་ཐོབ་སྟེ་ལྔར་བཤད་དོ།  དེ་ལ་ཉེ་བར་ལེན་པ།  ཉེ་བར་མཁོ་བ།  ཡོངས་སུ་འདོག་པ།  རྣམ་པར་སྲེད་པ།  རིག་པ།  ཐོབ་པ།  མཉམ་པར་འཇོག་པ།  སྒྲུབ་པ།  བརྙེས་པ།  དབྱེ་བ།  དབྱེ་བར་བྱེད་པ་རྣམས་ནི་སྒོའི་ཡན་ལག་རྣམས་སོ།།ཡོངས་སུ་འགྲོ་བ།  རྣམ་པར་འདར་བ།  གདུང་བ།  རྩེད་མོ།  རྩེད་མོའི་མདངས།  བར་ཏུ་འགྲོ་བ།  འགལ་བ།  ཉེ་བར་གནས་པ། མ་དག་པ།  སྐྱེ་བོ་འགོད་པར་རྩོམ་པ།  ཡི་གེ་བསྡུ་བ་རྣམས་ནི་ལན་གྱི་སྒོའི་ཡན་ལག་རྣམས་སོ།  མ་བྱུང་བ་དཔེར་བརྗོད་པ།  ལམ་གྱི་རང་བཞིན་དཔེར་བརྗོད་པའི་རིམ་པ་བསྡུ་བ།  རྗེས་སུ་དཔག་པ།  སློང་བ།  བརྟག་དཔྱད།  གཟེར་བ།  སྟོབས་ལྷག་པ།  ཡིད་འབྱུང་བ།  འཚབ་པ་རྣམས་ནི་སྙིང་པོའི་ཡན་ལག་རྣམས་སོ།  རྒོལ་བ།  འཐོར་བ།  འཛག་པ།  ནུས་པ།  ཕན་ཚུན་དུ་གནས་པ། འགྲོ་བ་པ།  གསལ་བ།  འབྱེད་པ།  འགོག་པ།  འགལ་བ།  ལེན་པ།  འདྲིད་པ།  རབ་ཏུ་སྲེད་པ་ནི་མི་བཟོད་པའི་ཡན་ལག་རྣམས་སོ།།

མཚམས་སྦྱོར།  འགོག་པ།  པསྤེལ་བ།  གཏན་ལ་ཕབ་པ།  སྨོད་པ་གསལ་བ།  རབ་དྭངས།  ཀུན་དགའ།  དུས།  ཉེ་བར་སྦེད་པ།  བསམ་པ་སྔ་མ་འཆད་པ།  སྙན་ངག་བསྡུ་བ།  རང་གིས་སྟོན་པ་རྣམས་ནི་ངེས་ཐོབ་ཀྱི་ཡན་ལག་རྣམས་སོ།  ཞེས་གསུངས།   

ས་བཅད་གཉིས་པ། འཇུག་པའི་ཡན་ལག

བྷཱ་ར་ཏཱི།  སཱ་ཥཱ་ཏི།  ཀཻ་ཤི་ཀྰི།  ཨཱ་ར་བྷ་ཊཱི།  ཞེས་པ་བཞི་སྟེ།  སོ་སོ་ཡང་ཡན་ལག་བཞིའོ།།  དེ་ལ་བྷཱ་ར་ཏཱིའི་ཡན་ལག་བཞི་ནི།  རབ་ཏུ་སྲིད་པ་དང་།  ཀུན་ཏུ་སྒོ་དང་།  ཕྲེང་བ་དང་།  བཟོ་བྱེད་པའོ།  སཱ་ཥཱ་ཏི་ཡི་ཡན་ལག་བཞི་ནི།  ཤིན་ཏུ་འཇོག་པ།  ཡོངས་སུ་བསྒྱུར་བ།  སྨྲ་བ་དང་བཅས་པ།  འཕྲག་ཏུ་བཟློག་པ་རྣམས་སོ།  ངྐེ་ཤི་ཀཱིའི་ཡན་ལག་བཞི་ནི།  རྩེད་མོ།  གསལ་བ།  རྩེད་མོའི་བྱེད་པ།  རྩེད་མོར་འགྲོ་བ་རྣམས་སོ།།  ཨ་ར་བྷ་ཌཱིའི་ཡན་ལག་བཞི་ནི།  བསྡུས་པ།  ཀུན་ལྟུང་།  གསན་སྐབས་འཇོག་པ།  ཀུན་ཏུ་འཐོར་བ་སྟེ།  དེ་རྣམས་ནི་འཇུག་པའི་ཡན་ལག་གོ །

ས་བཅད་གསུམ་པ།  མཚན་ཉིད་ཀྱི་དབྱེ་བ།  རྒྱ་འགྲེལ་ལས།  རྒྱན།  ཡི་གེ་བསྡུས་པ།  མཛེས་པ་དཔེར་བརྗོད།  རྒྱུ་ཡང་དག་པར་སྦྱོར་བ།  མཐོང་བའི་མཐའ།  ཐོབ་པ།  མངོན་པར་མཐོ་བ།  ངེས་པར་བསྟན་པ།  ངེས་ཚིག་གྲུབ་པ།  ཁྱད་པར་བྱེད་པ།  ཨན་ཏན་ལྷུང་བ།  ཕུལ་བྱུང་རྟོག་གེ་མཚུངས་པ།  ཚིག་བཏུས་པ།  བསྟན་པ།  ཉེ་བར་བསྟན་པ།  རྣམ་པར་དཔྱད་པ།  གོ་ལྡོག་པ།  ཉམས་པ།  རྗེས་ཁྲིད།  ཕྲེང་བ།  ཡོན་སྦྱིན་པ།  སྨོད་པ།  དོན་གྱི་དབང་།  རབ་ཏུ་གྲུབ་པ།  དྲི་བ།  འགོད་པ་དང་བཅས་པ།  རེ་བ།  ཆ་ཤས།  བསྡུས་པ།  ཡོན་ཏན་སྒྲོགས་པ།  མ་བརྗོད་པ་གྲུབ་པ།  དགའ་བའི་ཚིག་སྟེ་སུམ་ཅུ་རྩ་དྲུག་ཏུ་བཤད་པ་རྣམས་དང།  གཞན་ཡང་།  སྒེག་པའི་ཡན་ལག་དང་།  ཕྲེང་པའི་ཡན་ལག་དང་།  མཚམས་སྦྱོར་གཞན་པའི་ཡན་ལག་ལ་སོགས་པ་སྟེ།  དེ་རྣམས་ཐམས་ཅད་ཀྱང་གར་གྱི་རྣམ་འགྱུར་ཤིན་ཏུ་ཁྲོ་བའི་ཉམས་དང་།  ཆགས་པས་གཟིར་བའི་ཉམས་དང་།  མྱ་ངན་གྱིས་སྡུག་བསྔལ་པའི་ཉམས་དང།  ཡ་མཚན་པས་ངོ་མཚར་བའི་ཉམས་སོགས་སྔོན་བྱུང་གི་གཏམ་རྒྱུད་དང་རྗེས་སུ་འབྲེལ་བའི་ལུས་ངག་གི་རྣམ་འགྱུར་ལ་བརྟེན་ནས་མངོན་སུམ་ལྟ་བུར་ཉམས་སུ་མྱོང་བར་བྱེད་པ་སྟེ།  དེ་རྣམས་ཀྱི་མཚན་ཉིད་རྒྱས་པ་ནི་འདིར་ཡི་གེའི་ལས་སུ་ཆེ་བས་གཞན་དུ་ཤེས་པར་བྱའོ།།  མདོར་ན་ལུས་ངག་གི་འགྱུར་བ་ལན་མང་པོ་ཟློས་ཀྱང་ཡིད་འཕྲོག་པའི་གར་དུ་གྱུར་པས་འགྲོ་བ་མཐོང་ཐོས་ཀུན་དགའ་བ་སྐྱེད་པའི་རོའམ་ཉམས་དང་ལྡན་པ།  འཕགས་པའི་ཡུལ་དུ་ཟློས་གར་གྱི་རིགས་པ་ཡ་མཚན་ཆེ་བར་གྲགས་ཀྱང་གངས་ཅན་དུ་དེའི་བསྟན་བཅོས་མ་བྱུང་ཞིང་ཐར་བ་དོན་དུ་གཉེར་བ་ལ་ཉེ་བར་མཁོ་བའང་མེད་པས།  དེ་དང་ཆ་མཚུངས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་སེམས་ཅན་མགུ་བྱེད་ཀྱི་སྤྱོད་པ་ཀུན་ལ་བསླབ་པར་བྱ་སྟེ།  སེམས་ཅན་མགུ་བྱེད་མ་གཏོགས་པ།།  སངས་རྒྱས་མཉེས་པའི་ཐབས་གཞན་མེད།།  ཅེས་གསུངས་པ་ལྟར་རོ།།  ཐུན་མོང་རིག་པའི་གནས་ཀྱི་རྣམ་བཞག་རེ་ཞིག་རྫོགས་སོ།། །།  རྩོམ་པ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།།

༼རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།  

དེ་མོ་ཡབ...

ཡེ་ཤེས་བ...