བོད་རྒྱུད་ནང་བསྟན་གྱི་རྙིང་མ་བའི་གྲུབ་མཐའ་བྱུང་ཚུལ།

ཡོངས་ཁུངས།   ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2016-03-28

༄༅། རྙིང་མ་བའི་གྲུབ་མཐའ་བྱུང་ཚུལ་ལ།  ཇི་ལྟར་བྱུང་བ་དང་།  གྲུབ་མཐའི་འདོད་ཚུལ་དང་།  དེ་ལ་ཅུང་ཟད་དཔྱད་པ་དང་།  ཕྱིས་ཀྱི་བྱུང་བ་འགའ་ཞིག་བརྗོད་པ་དང་བཞི་ལས།  རྙིང་མ་བའི་གྲུབ་མཐའ་ཇི་ལྟར་བྱུང་ཚུལ།  ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་སྐྱེད་རྫོགས་སོགས་ཀྱི་གདམས་པ་རྒྱ་ཆེར་གསུངས་ཤིང་ཉམས་སུ་ལེན་པ་ཡང་མང་དུ་བྱུང་སྟེ།  བོད་ཁམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡིག་དྲུག་བཟླ་བ་འདི་ཐོག་མ་འདི་ནས་དར།  དེ་དུས་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་།  བྲམ་ཟེ་ཤཾ་ཀ་ར།  བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་སོགས་སྤྱན་དྲངས་ནས་རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཅེས་ཀ་ཁོལ་མར་འབྱུང་།  དེ་ནས་མི་རབས་ལྔ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་པཎྜི་ཏ་ཆེན་པོ་ཤཱནྟ་རཀྵི་ཏ་སྤྱན་དྲངས།  མཁན་པོས་དགེ་བ་བཅུ་དང་།  ཁམས་བཅོ་བརྒྱད་ལ་བརྟེན་པའི་ཆོས་གསུངས་ཤིང་ཡན་ལག་བརྒྱད་པའི་ཁྲིམས་ཕོག་པས་ཡུལ་ལྷ་མཐུ་བོ་ཆེ་རྣམས་མ་དགའ་བར་གཉན་ཆེན་ཐང་ལྷས་དམར་པོ་རི་ལ་ཐོག་ཕབ།  ཡར་ལྷ་ཤམ་པོས་ཡར་ཀླུང་ཕང་ཐང་གི་ཕོ་བྲང་ཆུ་ལ་བསྐུར།  བསྟན་མ་བཅུ་གཉིས་ཀྱིས་མི་ནད་དང་ཕྱུགས་ནད་མང་དུ་བཏང་བ་ལ།  མཁན་པོས་ཐོག་མར་བོད་ཀྱི་ལྷ་སྲིན་མ་རུངས་པ་རྣམས་འདུལ་དགོས་པ་འདུག་པས།  སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲོངས་གསུངས་པ་བཞིན་རྒྱལ་པོས་ཕོ་ཉ་བ་མངགས་པས།  སློབ་དཔོན་གྱིས་མངོན་པར་ཤེས་པས་མཁྱེན་ནས་རྒྱ་གར་ནས་ཚུར་བྱོན་པ་དང་ལམ་དུ་མཇལ་ཏེ་བོད་དུ་གདན་དྲངས།  ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས།  ནམ་མཁའ་ལ་རྡོ་རྗེའི་འགྲོས་དང་བཅས་ཏེ་ས་འདུལ་མཛད་ནས་བསམ་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས།  རྗེ་དང་འབངས་ཉེར་ལྔ་སོགས་སྣོད་ལྡན་མང་པོར་ཡོ་ག་རྣམ་པ་གསུམ་གྱིས་སྨིན་གྲོལ་ལ་བཀོད་པས་གྲུབ་ཐོབ་མང་པོ་བྱུང་སྟེ།  ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བུ་འདེབས། རྒྱལ་བ་མཆོག་དབྱངས་རྟ་སྐད་ཐེངས་གསུམ་ཐོན། །མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་སློང་། དཔལ་གྱི་ཡེ་ཤེས་མ་མོ་མངོན་སུམ་འཁོལ། དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་འཁོལ། བེེ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན། མངའ་བདག་རྒྱལ་པོ་ཏིང་འཛིན་མི་གཡོ་གྲུབ། གཡུ་སྒྲ་སྙིང་པོ་རྟོགས་པའི་མཆོག་དང་ལྡན། །ཛྙཱ་ན་ཀུ་མཱ་ར་ནི་རྫུ་འཕྲུལ་སྟོན། རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད། ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང་། དཔལ་གྱི་དབང་ཕྱུག་ཕུར་བ་གདངས་ཚད་འགུམ། ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། སྐ་བ་དཔལ་བརྩེགས་གཞན་གྱི་སེམས་རྣམས་ཤེས། ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། ཁྱེའུ་ཆུང་ལོ་ཡིས་ནམ་མཁའི་བྱ་རྣམས་ཟིན། དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་ཁུག །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ། རྨ་ཐང་རིན་ཆེན་ཕ་ལྦང་ཟས་སུ་ཟ། དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད། ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། རྒྱལ་བའི་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་འཆའ། ཞེས་སོ།

སྔགས་འཆང་ངྷརྨ་ཀིརྟི།  བི་མ་ལ་མི་ཏྲ།  སངས་རྒྱས་གསང་བ།  ཤཱིནྟཾ་གརྦྷ་སོགས་རྒྱ་གར་གྱི་པཎྜི་ཏ་གཞན་ཡང་མང་པོ་བྱོན་པས།  དྷརྨ་ཀཱིརྟིས་ཀྱང་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་མཛད།  བི་མ་ལ་མི་ཏྲ་སོགས་སློབ་དཔོན་གཞན་རྣམས་ཀྱིས་ཀྱང་སྣོད་ལྡན་རེ་གཉིས་ལ་གདམས་པ་ཅི་རིགས་བསྟན།  དེ་དག་གིས་མཚན་ཉིད་ཀྱི་གཞུང་ཆེན་མོའི་བཤད་པ་མཛད་སྐད་མི་འདུག་ཅིང་། གསང་སྔགས་ཀྱང་བཀའ་ཤིན་ཏུ་དམ་པས་ཁྱབ་གདལ་ཆེ་བ་མ་མཛད། འོན་ཀྱང་བེེ་རོ་རྨ་གཉགས་གནུབས་སོགས་ཀྱིས་ཀུན་བྱེད་རྒྱལ་པོ། མདོ་དགོངས་འདུས། སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད་ཀྱི་ལུང་མན་ངག་རྣམས་གསང་བའི་ཚུལ་གྱིས་བསྒྱུར། སློབ་དཔོན་ཆེན་པོས་མ་འོངས་པའི་དོན་དུ་རི་བྲག་མཚོ་སོགས་ལ་གདམས་པ་ཟབ་མོ་དུ་མ་གཏེར་དུ་སྦས་ཏེ། ལྷོ་ནུབ་རྔ་ཡབ་གླིང་དུ་གཤེགས་སོ། དེ་ལྟ་ན་གསང་སྔགས་རྙིང་མའི་ཆོས་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་ཐོར་བུ་ཙམ་བྱུང་མོད་ཀྱང་།  རྒྱ་ཆེ་བ་ནི་ཁྲི་སྲོང་གི་སྐབས་ནས་ཡིན་ལ།  གཙོ་བོར་སློབ་དཔོན་པདྨ་དང་།  བཤད་མ་ཐག་པའི་སློབ་དཔོན་གཞན་དེ་དག་ལས་བྱུང་བའང་མང་ངོ་། སྐབས་འདིར་སློབ་དཔོན་ཆེན་པོའི་རྣམ་ཐར་རྒྱས་པར་བརྗོད་འོས་ཀྱང་། རྣམ་ཐར་ལ་མི་མཐུན་པ་མང་བས་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཞིང་ཡིག་ཚོགས་ཆེ་བས་ཀྱང་འཇིགས་ནས་མ་བཀོད་དོ། །འགའ་ཞིག་གིས་སློབ་དཔོན་ཆེན་པོ་བོད་དུ་ཟླ་བ་ཁ་ཤས་ལས་མ་བཞུགས་ཤིང་། དེའི་རིང་ལའང་ལྷ་སྲིན་འདུལ་བ་དང་བསམ་ཡས་ཀྱི་རབ་གནས་མཛད་པ་ཙམ་ལས་ཆོས་མང་དུ་མ་གསུངས། སློབ་དཔོན་ཕྱིར་གཤེགས་རྗེས་མུ་སྟེགས་པ་ཞིག་སློབ་དཔོན་དུ་བརྫུས་ནས་མགོ་ལ་རྒོད་སྒྲོ་བཙུགས་པ་སོགས་དེང་སང་ཨོ་རྒྱན་ཟ་ཧོར་མར་གྲགས་པ་འདིའི་ཆ་བྱད་ཀྱིས་བོད་དུ་འོངས་ནས་རྙིང་མའི་ཆོས་སྣ་ཚོགས་པ་འདི་དར་བར་བྱས་སོ་ཟེར་བ་ནི་ཆགས་སྡང་གི་གཏམ་ཡིན་པར་མངོན་ནོ། ༈ཡང་འགའ་ཞིག་གིས་རྙིང་མའི་ཆོས་རྣམས་གུ་རུ་ཆོས་དབང་གིས་བྱས་པ་ཡིན། དེང་སེང་ཨོ་རྒྱན་ཟ་ཧོར་མ་ཞེས་གྲགས་པ་འདི་ཡང་ཆོས་དབང་གི་ཆ་བྱད་ཡིན་ཟེར་བ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་དུས་ཕྱིས་བྱུང་བའི་གཏེར་སྟོན་ཞིག་ཡིན་པས་དུས་ཀྱང་མི་མཚུངས་པ་མ་ཤེས་པའི་བབ་ཅོལ་སྨྲ་བར་ཟད་དོ།

རྙིང་མའི་ལུགས་ལ་ཐེག་པ་རིམ་དགུའི་རྣམ་གཞག་བྱེད་དེ། ཉན་ཐོས། རང་རྒྱལ་། བྱང་སེམས་ཏེ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་པའི་ཐུན་མོང་གི་ཐེག་པ་གསུམ། ཀྲི་ཡ། ཨུ་པ། ཡོ་ག་སྟེ་ལོངས་སྐུ་རྡོ་རྗེ་སེམས་དཔས་གསུངས་པའི་གངས་སྔགས་ཀྱི་ཕྱིའི་ཐེག་པ་གསུམ་བསྐྱེད་པ་མ་ཧཱ་ཡོ་ག  ལུང་ཨ་ནུ་ཡོ་ག  རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་ནང་གི་ཐེག་པ་བླ་ན་མེད་པ་གསུམ་བཅས་དགུའོ། ཡང་ཕྱིའི་རྒྱུད་སྡེ་དང་ནང་གི་རྒྱུད་སྡེ་གཉིས་ལས། ཕྱི་ཀྲི་ཡའམ་བྱ་རྒྱུད་རྣམས་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། ཨུ་པའམ་སྤྱོད་རྒྱུད་དང་། ཡོ་ག་སྟེ་རྣལ་འབྱོར་རྒྱུད་རྣམས་ནི་རྣམ་པར་སྣང་མཛད་ཀྱིས་གསུངས། ནང་བླ་མེད་ཀྱི་རྒྱུད་རྣམས་ནི་རྡེ་རྗེ་འཆང་ཆེན་པོས་ཆོས་འབྱུང་ཡངས་པའི་ཞིང་ཁམས་སུ་གསུངས་པར་བཤད། དེ་དག་ལས་བླ་ན་མེད་པའི་ཐེག་པ་ནི་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པས་དག་ས་ལ་གནས་པའི་གདུལ་བྱ་ལ་རྩོལ་མེད་ལྷུན་གྲུབ་ཏུ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་དུས་བཞིར་དུས་མེད་དུ་སྟོན་པར་བྱེད་ཅིང་། དེ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ནི་ནམ་མཁའ་དང་མཉམ་པས་ཚད་གཟུང་དང་བྲལ་བ་སྟེ། དེ་ལས་ཉུང་ཟད་ཙམ་ཞིག་འཛམ་བུའི་གླིང་འདིར་དགའ་རབ་རྡོ་རྗེ་དང་། ཤྲི་སེངྷ་དང་། ཛྙཱ་ན་སཱུ་ཏྲ་དང་། བཱི་མ་ལ་དང་། པདྨཱ་ཀ་ར་སོགས་མཆོག་གི་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་རྣམས་ཀྱིས་གསལ་བར་མཛད་དོ་ཞེས་འཆད།

བརྒྱུད་པའི་རིམ་པ་ལ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་དང་། ཡང་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། སྨོན་ལམ་གཏད་རྒྱའི་བརྒྱུད་པ་སྟེ་བརྒྱུད་པ་དྲུག་གི་རྣམ་གཞག་ཀྱང་བྱེད་དོ། དེ་དག་ཞིབ་ཏུ་བྲིས་ན་མང་བར་འགྱུར་བས་དེ་ཙམ་ལས་མ་སྤྲོས་སོ། རྙིང་མའི་ཆོས་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་གསུམ་དུ་དབྱེ་བར་སྣང་བས། དེ་དག་བོད་དུ་ཇི་ལྟར་བྱུང་བ་ནི། བཀའ་མ་སྒྱུ་འཕྲུལ། འདུས་པ་མདོ། སེམས་ཕྱོགས་ཏེ་མདོ་སྒྱུ་སེམས་གསུམ་ཟེར་བ་ལས།

སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་ནི། བཱི་མ་ལས་རྨ་རིན་ཆེན་མཆོག་ལ་བཤད་ཅིང་བསྒྱུར། དེས་གཙུག་རུ་རིན་ཆེན་གཞོན་ནུ་དང་། གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀྱིས་དར་རྗེ་དཔལ་གྱི་གྲགས་པ་དང་། ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། ཞང་ནས་བརྒྱུད་པ་རྣམས་ལ་མན་ངག་བརྒྱུད་པ་དང་། དར་རྗེས་དབུང་གཙང་ཁམས་གསུམ་དུ་མང་པོ་ལ་སྤེལ་བས་དབུས་ལུགས་དང་ཁམས་ལུགས་གཉིས་སུ་གྲགས། །ཡང་བི་མ་ལའི་སློབ་མ་གཉགས་ཛྙཱ་ན་ཀུ་མཱ་ར། དེའི་སློབ་མ་སོག་པོ་དཔལ་གྱི་ཡེ་ཤེས། དེའི་སློབ་མ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཡིན་པས་དེ་དག་ལས་བརྒྱུད་པའང་བྱུང་བ་འདྲ། གནུབས་སངས་རྒྱས་ཡེ་ཤེས་ལ་སོ་ཡེ་ཤེས་དབང་ཕྱུག་སོགས་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་དང་ལྔ། ཡོན་ཏན་ཡབ་སྲས་ལ་དང་པོའི་སློབ་མ་མྱང་ཤེས་རབ་མཆོག །དེའི་སློབ་མ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། དེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་བྱུང་། རྩེ་མོ་བཞིའི་མཆོག་ཟུར་ཆུང་ཤེས་རབ་གྲགས་སམ་བདེ་གཤེགས་རྒྱ་བོ་བ། དེ་ལ་སློབ་མ་ཀ་བཞི། གདུང་བརྒྱད། ལྕམ་བཅུ་དྲུག  གྲལ་མ་སོ་གཉིས། སྒོམ་ཆེན་གཉིས། ཡུས་པོ་ཆེ་གཅིག  དཀྱུས་པ་གཉིས།  སྟ་གུ་ར་གཉིས། གོ་མ་ཆོད་གསུམ་བྱ་བ་བྱུང་། ཟུར་ཆུང་གི་སྲས་ཕྱག་རྡོར་གྱི་སྤུལ་པར་གྲགས་པ་རྗེ་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ  དེ་ལ་སློབ་མ་མེ་བཞི། ནག་བཞི། སྟོན་བཞི་སྟེ་བཅུ་གཉིས་ཀྱི་ནག་བཞིའི་མཆོག་ལྷ་རྗེ་ལྕེ་སྟོན་རྒྱ་ནག་བྱ་བ་དབུ་ཚད་སོགས་སྡེ་སྣོད་ལ་སྦྱངས་པས་མཁས་པར་གྱུར་ཏེ། རྒྱ་བརྩོན་སེང་སྒྲོ་ཕུག་པར་རྩོད་དུ་འོངས་པ་རྩོད་པས་ཕམ་པར་བྱས་པས་སྒྲོ་ཕུག་པ་མཉེས་ནས་གདམས་ངག་ཐམས་ཅད་རྫོགས་པར་གནང་། དེ་ལ་སློབ་མ་བཟང་ལ་མང་བ་བྱུང་ཡང་། གཙོ་བོ་དབོན་པོ་བླ་མ་ཆེན་པོ་ཡོན་ཏན་གཟུངས། དེ་ལ་སློབ་མ་ཆེས་མང་ཡང་ཐུགས་སྲས་དམ་པ་སྤྲུལ་སྐུ་ཞིག་པོ་བདུད་རྩི། དེའི་སློབ་མའི་གཙོ་བོ་དྲུག་གི་མཆོག་ཏུ་གྱུར་པ་རྟ་སྟོན་ཇོ་ཡེས་ཏེ། འདིས་གསུང་སྒྲོས་ཐམས་ཅད་ཡི་གེར་བཀོད་བཀོད་པས་ཕྱི་རབས་ལ་དྲིན་ཆེའོ།།

སྒྲོ་ཕུག་པའི་སློབ་མ་གཙང་པ་སྤྱི་སྟོན་དང་། ཉེ་སྟོན་གཉིས། གཙང་ནག་འོད་འབར། མེས་སྟོན་མགོན་པོ། བླ་མ་སྲོ། དེ་ལ་པཀྵི་ཤཱཀ་འོད་དང་། རྟ་ནག་བདུད་འདུལ་གྱིས་གསན། བདུད་འདུལ་ནས་ཟུར་བྱམས་པ་སེང་གེ  དེ་ལ་གཡུང་སྟོན་དང་འཇམ་དབྱངས་བསམ་འགྲུབ་རྡོ་རྗེས་གསན་ཅིང་འཕེལ། གཡུང་སྟོན་རྡོ་རྗེ་དཔལ་ནི་མཁས་གྲུབ་ཆེན་པོའི་རྣམ་པར་ཐར་པ་ཅན་གསར་རྙིང་གཉིས་ཀའི་གྲུབ་ཐོབ་རྩོད་མེད་ཅིག་གོ། ཡང་སྒྲོ་ཕུག་པའི་སློབ་བརྒྱུད་དང་པོའི་སངས་རྒྱས་གོང་བ་ལ་ནས་ཁམས་སུ་རྒྱ་ཆེར་འཕེལ། གཞན་ཡང་རོག་གི་གདུང་བརྒྱུད་དང་སློབ་བརྒྱུད་རྣམས་ལའང་དབང་དང་རྒྱུད་བཤད་མང་དུ་བྱུང་། དན་འབག་དང་། གཙང་སྟོད་མང་འགར་དང་། ལ་སྟོད་ལྷོ་བྱང་སོགས་སུ་དར་ལ། ཡང་སྒྲོ་ཕུག་པའི་སློབ་བརྒྱུད་ཀ་དམ་པ་བདེ་གཤེགས་སུ་གྲགས་པ་མཚན་དངོས་ཤེས་རབ་སེང་གེ་དང་། སྤོབས་པ་མཐའ་ཡས་བྱ་བས། འབྲི་ཆུའི་འགྲམ་སྤོམ་འབོར་དང་ཉེ་བར་ཡི་གེ་ཀ་འདྲ་བའི་ས་ཆར་དགོན་པ་བཏབ་པས་ཀཿཐོག་ཏུ་གྲགས་པ་དེར་ཡང་ཆེས་དར་རོ། སྒྱུ་འཕྲུལ་གཙོ་བོར་གྱུར་པའི་སྐབས་སོ། །འདུས་པ་མདོ་ནི་རྩ་བའི་རྒྱུད་ཀུན་འདུས་རིག་པའི་མདོ་དང་། བཤད་པའི་རྒྱུད་མདོ་དགོངས་པ་འདུས་གཉིས་ཏེ། དྷ་ན་རཀྵི་ཏས་བལ་པོ་དྷརྨ་བོ་ངྷི་དང་བ་སུ་དྷ་ར་ལ་བཤད། འབྲུ་ཤའི་ཡུལ་ཁྲམ་དུ་རུ་ཆེ་བཙན་སྐྱེས་ལ་བཤད་དེ་བསྒྱུར། དེ་གསུམ་གྱིས་ཇོ་བོ་སྣུབས་སངས་རྒྱས་ལ་བཤད། ཇོ་བོ་ཡོན་ཏན་རྒྱ་མཚོ་སོགས་ལས་རིམ་བཞིན་བརྒྱུད་དེ་ལྷ་རྗེ་ཤངས་པ་དང་། ཐོ་གར་ནམ་མཁའ་ལྷས་ལྷ་རྗེ་འུག་པ་ལུང་པ་ལ་བསྩལ་ཏེ་རིམ་པར་འཕེལ་བར་གྱུར། མདོའི་སྐབས་སོ། སྐབས་ཤིག་ཏུ་སློབ་དཔོན་ནག་པོ་སྤྱོད་པའི་སྐུའི་སྐྱེ་བ་རོང་ཟོམ་ལོ་ཙཱ་བ་ཆོས་བཟང་ཞེས་བྱ་བ་ཟླ་མེད་པའི་མཁས་པ་ཆེན་པོ་ཞིག་བྱུང་སྟེ། དེས་ཀྱང་མདོ་སྒྱུ་སེམས་གསུམ་ཀའི་གསན་པ་དང་ཉམས་བཞེས་གཞན་ལ་ལེགས་འདོམས་ཀྱི་འཕྲིན་ལས་སྤེལ་ཏོ།

བསྐྱེད་རིམ་གྱི་གཙོ་བོ་ནི། སྒྲུབ་པ་བཀའ་བརྒྱད་དུ་གྲགས་པ་སྟེ། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་བ་འཕྲིན་ལས་རྣམས་ལ་འཇིག་རྟེན་ལས་འདས་པའི་སྡེ་ལྔ་དང་། མ་མོ་རྦོད་གཏོང་དང་། དམོད་པ་དྲག་སྔགས་དང་། འཇིག་རྟེན་མཆོད་བསྟོད་རྣམས་ལ་འཇིག་རྟེན་པའི་སྡེ་གསུམ་ཞེས་གྲགས་སོ། དེ་དག་ལས་རྟ་མགྲིན་དང་ཕུར་བ་གཉིས་སློབ་དཔོན་ཆེན་པོ་ཉིད་ཀྱིས། རྒྱལ་པོ་ལ་རྟ་མགྲིན་དང་། ཇོ་མོ་དང་། འབྲེ་ཨ་ཙ་ར་ས་ལེ་ལ་ཕུར་བ་བསྩལ་པས་དེ་དག་ལས་རིམ་གྱིས་འཕེལ། འཇམ་དཔལ་སྐོར་ནི། སློབ་དཔོན་ཤཱིནྟཾ་གརྦྷ་དང་། ཡང་དག་སྐོར་ནི་ཧཱུྃ་ཀཱ་ར། བདུད་རྩིའི་སྐོར་ནི། བི་མ་ལ་ཏྲ་རྣམས་ཀྱིས་བཤད་ཅིང་དར་བར་བྱས་སོ། མ་མོ་ལ་སོགས་པ་ནི། སློབ་དཔོན་གྱིས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་བཏུལ་བ་རྣམས་དབང་བསྐུར་ཏེ་དམ་ཚིག་ལ་བཞག་ནས་རིས་སུ་བཅད་པའི་སྡེ་གསུམ་པོ་འཇིག་རྟེན་ལ་ཕན་གདགས་པའི་རྩ་ལག་ཏུ་སྒྲུབ་པའི་ཐབས་ཀྱི་རིམ་པ་བསྟན་པ་སྟེ། སྤྱོད་རྒྱུད་འཇིག་རྟེན་པའི་དཀྱིལ་འཁོར་དག་དང་རྣམ་གཞག་མཚུངས་པའོ།

རྙིང་མའི་ཆོས་ཀྱི་སྙིང་པོར་གྱུར་པ་ནི་མན་ངག་རྫོགས་པ་ཆེན་པོར་གྲགས་པ་སྟེ། དེ་ལ་ཡང་སེམས་སྡེ་དང་། ཀློང་སྡེ་དང་། མན་ངག་གི་སྡེ་གསུམ། སེམས་སྡེ་མ་བུ་བཅོ་བརྒྱད་ལས་ལྔ་བེེ་རོ་ཙ་ན་དང་། བཅུ་གསུམ་བི་མ་ལ་ལས་བྱུང་། ཀློང་སྡེ་ཡང་བི་མ་ལས་བྱུང་ཞིང་། མན་ངག་གི་སྡེ་ལ་སྙིང་ཏིག་ཅེས་གྲགས་ཏེ་བེེ་རོ་ཉིད་ལས་བྱུང་བའོ། རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་ནི། བེེ་རོ་ཙ་ན་དང་། གཡུ་སྒྲ་སྙིང་པོ་ལ། གཉགས་ཛྙཱ་ནས་ཞུས། བོད་ལ་བཀའི་ཆུ་བོ་ཆེན་པོ་བཞི་འདུས་ཤིང་སློབ་མའི་དམ་པ་བཅུ་ལ་སོགས་པ་ལས། སོག་པོ་སངས་རྒྱས་ཡེ་ཤེས་ལ་རིམ་པར་བརྒྱུད་དོ། ཡང་བེེ་རོའི་སློབ་མ་སྤང་སངས་རྒྱས་མགོན་པོས་རྦ་རཀྵི་ཏ་ལ་བཤད། དེ་ནས་ཡ་ཟི་དར་མ་ཤེས་རབ་སོགས་ལ་བརྒྱུད་པ་དང་། བེེ་རོ། ཇོ་མོ་སྒྲེ་མོ།མར་བ་ཤེས་རབ་འོད་སོགས་ལས་བརྒྱུད་པའང་ཡོད་དོ། སེམས་ཕྱོགས་ཀྱི་སྐབས་སོ། རྫོགས་པ་ཆེན་པོ་ཀློང་གི་སྡེའི་སྐོར་ལ། ནམ་མཁའ་དང་མཉམ་པའི་རྒྱུད་ཆུང་བའི་དོན་ཀློང་དགུས་བསྟན་པ་དང་། ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་ལ་བརྟེན་པའི་རྡོ་རྗེ་ཟམ་པའི་མན་ངག་རྣམས་བེེ་རོས་སྤང་མི་ཕམ་མགོན་པོ་ལ་བཤད་པ་རིམ་གྱིས་ཛེང་དྷརྨ་བྷོ་དྷི་དང་། དེ་ལས་མྱང་དྷརྨ་སེང་ཧ་སོགས་ལྔ། ངོར་རྗེ་དང་། འཛེང་ཇོ་སྲས་སོགས་ཀྱིས་ཞུས་པ་ལས་མང་དུ་འཕེལ་ལོ། རྡོ་རྗེ་ཟམ་པའི་སྐབས་སོ།

ཤིན་ཏུ་ཟབ་པར་གྲགས་པ་རྫོགས་པ་ཆེན་པོ་སྙིང་ཏིག་ནི། སློབ་དཔོན་བི་མ་ལ་མི་ཏྲ་སྔ་མས་མངའ་བདག་རྒྱལ་པོ་དང་། མྱང་ཏིང་འཛིན་བཟང་པོ་གཉིས་ལ་བསྟན། མྱང་གིས་དབུ་རུ་ཞྭའི་ལྷ་ཁང་བཞེངས་ནས་དེར་གདམས་ངག་རྣམས་གཏེར་དུ་སྦས། ཆིག་བརྒྱུད་རྣམས་འབྲོམ་རིན་ཆེན་འབར་ལ་བཤད། དེས་སྦས་བློ་གྲོས་དབང་ཕྱུག་ལ་བཤད། གནས་བརྟན་ལྡང་མ་ལྷུན་རྒྱལ་བྱ་བས་གཏེར་བཏོན་ཏེ། ལྕེ་བཙུན་སེང་གེ་དབང་ཕྱུག་དང་ཁ་རག་སྒོམ་ཆུང་གཉིས་ལ་བཤད། ལྕེ་བཙུན་གྱིས་མྱང་བཀའ་གདམས་པ་ལ་བསྟན་ཅིང་། གདམས་པ་རྣམས་གཏེར་ཁ་གསུམ་དུ་སྦས། རོང་སྣར་མདའི་ལྕེ་སྒོམ་ནག་པོ་དང་། ལང་གྲོ་ཆད་པ་སྟག་ནས་ཤངས་པ་རས་པ་དང་། ཡར་འབྲོག་གི་སྣུབས་མཚོ་གླིང་དགུའི་བླ་དོར་འཁྲུངས་པའི་ཞང་བཀྲ་ཤིས་རྡོ་རྗེ་རྣམས་ཀྱིས་གཏེར་བཏོན། ཕྱི་མ་འདིའི་ལྕེ་བཙུན་རང་ལའང་ཐུག  དེས་སྲས་ཉེ་འབུམ། པ དེ་ནས་བཞིན་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ།  མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀློང་ཆེན་རབ་འབྱམས་པ་ལའོ། ཀློང་ཆེན་རབ་འབྱམས་པ་འདི་ནི་རྙིང་མ་བའི་བསྟན་འཛིན་གྱི་ཁྲོད་དུ་མཁས་པའི་རྩེ་མོར་སོན་པ་གཅིག་པུ་སྟེ། རིག་གནས་དང་། མདོ་ཕྱོགས་དང་། གསང་སྔགས་གསར་རྙིང་གི་བརྩམས་ཆོས་ཀྱང་ཤིན་ཏུ་མང་ངོ་། མཁའ་འགྲོ་སྙིང་ཏིག་ཅེས་གྲགས་པ་ནི། རྡོ་རྗེ་འཆང་ལ་དགའ་རབ་རྡོ་རྗེས་གསན་ནས། རིག་འཛིན་ཤྲི་སིཾ་ང་ཧ་ལ་གནང་། དེ་ལས་སློབ་དཔོན་པདྨས་གསན་ཏེ། ཡུམ་ཡེ་ཤེས་མཚོ་རྒྱལ་ལ་གནང་ཞིང་། ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པ་པདྨ་ལས་འབྲེལ་རྩལ་གྱིས་བཏོན་ནས། རྒྱལ་སྲས་ལེགས་པ་རྒྱལ་མཚན་དང་། ཀུན་མཁྱེན་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ་སོགས་ལ་བརྒྱུད་པའོ།

གཏེར་མ་བྱུང་ཚུལ་ནི། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ཚད་མའི་སྐྱེས་བུ་འགའ་ཞིག་གིས་མ་འོང་ས་པའི་གདུལ་བྱའི་དོན་དུ་མཆོག་ཐུན་འགྲུབ་པའི་གདམས་པ་མང་པོ་གཏེར་དུ་སྦས་ཏེ་ཆུད་མི་ཟ་བར་བྱིན་གྱིས་བརླབས་ཤིང་གཏེར་སྲུང་ལ་གཉེར་དུ་གཏད། སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པའི་སྨོན་ལམ་བཏབ། དུས་ནམ་གྱི་ཚེ་འདོན་པ་དུས་དེར་འདོན་རན་པའི་ལྟས་མཚན་འབྱུང་ཚུལ།  གཏེར་སྟོན་གང་གིས་འདོན་པ་དེའི་མིང་རུས་མཚན་རྟགས་དང་བཅས་པ་གཏེར་གྱི་ཁ་བྱང་དུ་བཏབ། ནམ་ཞིག་གནས་དུས་གང་ཟག་ཐམས་ཅད་འཛོམ་པ་ན་གཏེར་དེ་ཐོན་ནས་སྐལ་ལྡན་མང་བོ་ལ་སྤེལ་བས་གཏེར་ཆོས་ཞེས་གྲགས་སོ། སྤྱི་གཏེར་ཆོས་རྒྱ་གར་དུའང་བྱུང་ཞིང་། བོད་ཀྱི་གྲུབ་མཐའ་གཞན་ལའང་ཡོད་པས་གཏེར་ཆོས་ཐམས་ཅད་རྙིང་མའི་ཆོས་སུ་བྱེད་པ་ནི་ཐོས་རྒྱ་ཆུང་བའི་སྐྱོན་ནོ། གཏེར་སྟོན་དུ་གྲགས་པ་འགའ་ཞིག་གིས་རང་གིས་བཅོས་ནས་སྦས་ཏེ་བཏོན་པའི་བརྫུས་མའང་ཡོད་མོད་ཀྱང་། རྣམ་དག་ཡིན་ངེས་ཀྱང་ཆེས་མང་བས་མཐའ་གཅིག་ཏུ་སྨོད་མི་རུང་ངོ་། གཏེར་སྟོན་ཚད་ལྡན་གཙོ་ཆེར་ཐང་ཡིག་ནས་ལུང་བསྟན་པའི་སངས་རྒྱས་བླ་མ་ནས་བཟུང་བདེ་ཆེན་གླིང་བའི་བར་དང་། ལུང་གིས་དངོས་སུ་མ་ཟིན་པའི་རྩོད་བྲལ་གྱི་གཏེར་སྟོན་ཀྱང་མང་ཙམ་ཞིག་བྱུང་བ་རྣམས་ཕྱིས་སུ་ཆོས་རྒྱལ་དབང་པོའི་སྡེས་ཕྱོགས་གཅིག་ཏུ་བསྒྲིགས་ནས་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་བརྩམས་པ་ལྟར་ལ། དེ་དག་ནི་ཆོས་དང་གང་ཟག་གཉིས་ཀ་རྣམ་པར་དག་པའོ་ཞེས་ཆེན་པོ་རྣམས་གསུངས་སོ། དེ་དག་གི་ཁྲོད་ནས་མངའ་བདག་ཉང་ཉི་མ་འོད་ཟེར་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་གཉིས་ལ་གཏེར་སྟོན་གོང་འོག་གཉིས་ཞེས་ཉི་ཟླ་ལྟ་བུའི་གཏེར་སྟོན་གྱི་རྒྱལ་པོར་བྱེད་ལ། གཏེར་སྟོན་གྲྭ་བ་མངོན་ཤེས་འབར་གྱིས་གྲ་ཐང་གིས་གཙོས་པའི་གནས་གཞི་རྩ་བརྒྱད་བཞེངས་པ་དང་། གཏེར་མང་པོ་དང་ཁྱད་པར་སྨན་གྱི་རྒྱུད་བཞི་སོགས་གསོ་དཔྱད་སྐོར་མང་པོ་བཏོན་པས་བཀའ་དྲིན་དང་འཕྲིན་ལས་ཆེ་བར་སྣང་ངོ་། ཟབ་མོ་དག་སྣང་གི་བརྒྱུད་པ་ནི། གྲུབ་པའི་གོ་འཕང་བརྙེས་པ་འགའ་ཞིག་ལ་ལྷག་པའི་ལྷས་ཞལ་བསྟན་ནས་དངོས་སུ་གསུངས་པའི་གདམས་པ་སྟེ། འདི་ཡང་གྲུབ་མཐའ་ཐམས་ཅད་ལ་ཡོད་ཅིང་།  རྙིང་མའི་ཕྱོགས་སུ་མང་ཙམ་ཞིག་བྱུང་སྣང་ངོ་།

རྙིང་མ་བའི་གྲུབ་མཐའི་འདོད་ཚུལ།  རྙིང་མ་བའི་གྲུབ་མཐའི་འདོད་ཚུལ་ལ།  ཡན་ལག་ཐམས་ཅད་ཞིབ་ཏུ་འགོད་པ་ཡིག་ཚོགས་ཀྱི་ངལ་བ་ཆེ་བས་མི་འབྲི་ལ། འདིར་ལྟ་སྒོམ་གྱི་རྣམ་གཞག་མདོ་ཙམ་བསྙད་པར་བྱའོ། དེ་ཡང་ཧེ་རུ་གལ་པོའི་རྒྱུད་ལ་སོགས་པར་གསར་མའི་སྦྱོར་དྲུག །རིམ་ལྔ། ལམ་འབྲས་སོགས་དང་མཐུན་པའི་ལམ་གྱི་བགྲོད་ཚུལ་བཤད་ཅིང་།  སྒྱུ་དྲའི་རིམ་དྲུག  རིམ་གསུམ་སོགས་གྲོལ་ལམ་དང་། གསང་ཐིག་སོགས་ཐབས་ལམ་མན་ངག་དང་། འདུས་པ་མདོའི་ངང་སྒོམ། བཀའ་བརྒྱད་ཀྱི་རིམ་ལྔ་སོགས་སུའང་གསར་མ་དང་ཕྱོགས་མཐུན་གྱི་བཤད་པ་ཅི་རིགས་མཆིས་ཀྱང་། ཕྱིས་ཀྱི་རྙིང་མ་བ་རྣམས་ཀྱིས་དེ་དག་ལ་འཆད་ཉན་དང་ཉམས་ལེན་གཙོ་བོར་མི་བྱེད་པར་སྣང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།།

༼རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...