བོད་ཀྱི་དམོངས་ཁྲོད་གཏམ་དཔེ།

ཡོངས་ཁུངས།   དམངས་ཁྲོད། རྩོམ་པོ།  ཤེས་རབ་རྩལ་གྱིས་སྒྲིག སྤེལ་དུས།  2018-02-25

༄༅། །  ། །བོད་ཀྱི་དམངས་ཁྲོད་གཏམ་དཔེ།  །སྤྱིར་བོད་ཀྱི་དམངས་ཁྲོད་གཏམ་དཔེ་འདི་ཉིད་ནི་མི་ལོ་ཁྲི་སྟོང་མང་པོའི་ཡར་སྔོན་ནས་ད་ལྟའི་བར་མི་རབས་ནས་མི་རབས་དང་དུས་རབས་ནས་དུས་རབས་བར་རྒྱུན་མ་ཆད་ཅིང་།  རྒྱུན་མ་ཉམས་པར་བགྲེས་པོ་ཉམས་མྱོང་ཅན་དག་གི་གླེང་མོལ་ལས་ཐོས་པའི་གདམས་པ་དང་མཁས་དབང་དམ་པ་དག་གི་གསུང་རྩོམ་ལས་འཕྲོས་པའི་ལེགས་བཤད།  དེ་བཞིན་ངལ་རྩོལ་མི་དམངས་ཀྱིས་ཡུན་རིང་གི་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་ཏེ།  ཕྱི་རབས་རྣམས་ལ་བླང་དོར་གྱི་གནས་ཤིག་འདོམས་ནུས་པ་དང་།  བྱ་བ་དང་དངོས་པོ་གང་རུང་གི་ངོ་བོ་དང་ཆོས་ཉིད་གསལ་པོར་བསྟན་ནས་སློབ་གསོའི་ནུས་པ་བསྐྱེད་ཐུབ་པའི།  ཚིག་ཉུང་ཞིང་དོན་གཏིང་ཟབ་པ།  བརྗོད་དོན་ཟབ་ཅིང་རྣ་བར་སྙན་པ།  གོ་བདེ་ཞིང་དོན་འདུས་པ།  ཚིག་ཉམས་ཆེ་ཞིང་ཤེས་བྱའི་སྒྱུ་རྩལ་གྱི་རིན་ཐང་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། 

སྡེ་ཚན་དང་པོ། ས་ཆུ་དང་རི་ལུང་ལ་བསྟོད་པའི་སྐོར་གྱི་གཏམ་དཔེ། 

ས་ཚུགས་མི་འགྱུར་གངས་དཀར་ཏི་སེ། །གནམ་ཚུགས་མི་འགྱུར་སྐར་མ་ཨ་བརྟན། །

རི་མཐོ་ན་ཁ་བ་དབྱར་ལ་འབབ། །ཀླུང་དམའ་ན་ཆར་པ་དགུན་ལ་འབབ། །

ཀོང་པོ་ཀླུ་ནང་དུ་སླེབས་དུས། །ཨ་ཇོས་ཕ་ཡུལ་མི་དྲན། །

གྲགས་ཅན་གནས་རི་ཡིན་ཙ་ན། །མཐོན་པོ་མིན་ཀྱང་ལྷག་པར་གྲགས། །

རྒྱབ་རི་ལྷ་ཤིང་ཤུག་པ་ཡིན་ན། །བསངས་ཤུག་མི་ལ་རེ་དགོས་མེད། །

རྟ་ནོར་ལུག་གསུམ་སྤང་གི་རྒྱན། །གྲོ་ནས་སྲན་གསུམ་ཞིང་གི་རྒྱན། །

ཐང་ཤིང་སྐྱེ་ལུགས་བཟང་ན། །འཁྲི་ཤིང་རྩེ་མོར་བསྙེགས། །

ས་བོན་ཡག་ན་མྱུ་གུ་ཡག །མྱུ་གུ་ཡག་ན་འབྲས་བུ་ཡག །

ལྟ་བ་མིག་གིས་མི་བཟོད། །བསམ་པ་ཡིད་ཀྱིས་མི་ལངས། །

སྟོད་གངས་རི་མེ་ཡིས་བཞུ་མི་སྲིད། །བྱ་རྨ་བྱ་དུག་གིས་ཤི་མི་སྲིད། །

གཙང་མའི་ཆུ་འགོ་སྲིད་པའི་གངས་ལ་ཐུག །

མ་འདྲིས་བྱང་ཐང་སྐྱ་བོ། །འདྲིས་ན་རང་གི་ཕ་ཡུལ། །

ཤིང་ལོ་འདབ་རྒྱས་ན་བསིལ་གྲིབ་བཟང་། །ཆུ་རྐ་འགོར་ཡོད་ན་རྐ་མཇུག་བཟང་། །

ཤིང་སྣ་འཛོམས་སར་བྱ་རིགས་མང་། །ཆུ་སྣ་འཛོམས་སར་གསེར་ཉ་མང་། །

སྨུག་པ་ལངས་ས་མཚོ་ནས་ལངས། །མཚོ་མེད་ན་སྨུག་པ་ལངས་དོན་མེད། །

གཡམ་པ་ཁྲོག་ཁྲོག་རྫ་ལས་བྱུང་རྫ་མེད་ན་གཡམ་པ་ཁྲོག་དོན་མེད། ། 

རི་མཐོ་ན་དབྱར་ཀྱང་ཁ་བ་བབས། །ཀླུང་དམའ་ན་དགུན་ཡང་ལྗང་ཁ་སྐྱེ། །

ལུང་པའི་ཕུ་ཐག་རིང་ཐུང་དེ། །གཙང་ཆབ་སྔོན་མོ་མཐོང་བས་ཤེས། །

བྱང་སྐྱི་སེར་གྱི་རླུང་དེ་མ་བརྒྱབ་ན། །ལྷོ་སྔོ་ལྗང་གི་ནགས་ཚལ་འགུལ་དོགས་མེད། །

མགོ་ཀླད་རིས་གཏད་རི་བཅོལ་ས། །ཆུ་གཙང་བོའི་བཞུར་རྒྱུན་ཡག་ས། ། 

རྐང་སག་ལྷམ་གཏད་རི་བཅོལ་ས། །འབྲུ་སྣ་སྔའི་ལོ་ལེགས་འཁྲུངས་ས། །

ཆུ་འགོ་ཁྲི་སྟོང་ཡོད་ཀྱང་། །འདུ་ས་རྒྱ་མཚོའི་ནང་རེད། །

རི་མཐོ་ན་ཁ་ཆར་རྒྱུན་མི་འཆད། །ས་མཐོ་ན་བ་མོ་རྒྱུན་མི་འཆད། །

བྱང་སྐྱི་སེར་རླུང་པོ་མ་བརྒྱབས་ན། །ལྷོ་ཙན་དན་ཤིང་ནགས་འགུལ་དོན་མེད། །

རི་བོ་གཅིག་ལས་གཅིག་མཐོ། །མཁས་པ་གཅིག་ལས་གཅིག་མཁས། །

རྡོ་ཆུང་ཡང་རླུང་གིས་མི་འཁྱེར། །རི་ཆུང་ཡང་པང་དུ་མི་ཐེག །

རི་ཆེན་འདི་ལ་བསྐོར་ས། །མི་ཆེན་འདི་ལ་ཞུ་ས། །

རི་དེ་ལ་འཁོར་བའི་རི་དྭགས་དང་། །ཆུ་དེ་ལ་འཁོར་བའི་ཉ་མོ། །

རི་ཆེ་ལ་དཔག་པའི་ཁ་བ་དང་། །རྡོ་ཆུང་ལ་དཔག་པའི་བ་མོ། །

རི་མཐོ་སར་ཕྱིན་ན།  །ཕྱོགས་བཞི་ཀ་མཐོང་། །

རི་མགོ་མཐོ་ལ་མ་ལྟོས། །རི་རྒྱ་ཆེ་ལ་ལྟོས། །

ཡུལ་ཡར་ཀླུང་དུ་བསྡད་ན། །ལྷ་ཡར་ལྷ་བསྟེན་དགོས། །

 ཞེས་པ་སོགས་གནས་རི་བླ་མཚོ་དང་རྩ་ས་ཆུ་བསྟོད་སྐོར་གྱི་གཏམ་དཔེ་འདི་དག་ལོ་ངོ་ཁྲི་སྟོང་མང་པོའི་རིང་མི་རྣམས་ཀྱི་རང་བྱུང་ཁམས་ཆེན་མོའི་སྣང་ཚུལ་སྣ་ཚོགས་ཏེ།  སྟོད་ཀྱི་གཡའ་གངས་རྫ་གསུམ།  བར་གྱི་སྤང་ལྗོངས་ནག་ཚལ།  སྨད་ཀྱི་གཙང་ཆུ་མཚེའུ་སོགས་ངོ་མཚར་ཅན་དེ་དག་ལ་ལྷ་དང་སྲུང་མ་སོགས་གནས་པའི་གནས་རི་འགངས་ཆེན་དང་།  གཞི་བདག་ཡུལ་ལྷ་སོགས་ལ་བསྟོད་པའི་སྐོར་ཀྱི་གཏམ་དཔེའང་བགྲང་གིས་མི་ལང་ངོ།།

༼རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...