བོད་ཀྱི་ལག་ཆ་འུར་རྡོ་གླིང་བ།

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།  ཤེས་རབ་རྩལ། སྤེལ་དུས།  2018-04-08

དེ་ཡང་བོད་ཀྱི་ལག་ཆ་འུར་རྡོ་གླིང་བ་ལ།  ཐོག་མར་འོར་རྡོའི་མིང་ཇི་ལྟར་ཐོབ་པ་དང་།  དུས་ནམ་ཞིག་བྱུང་བ།  རྒྱུ་ཆ།  བཟོ་ཁྱད།  བཀོལ་སྤྱོད་བྱེད་ཚུལ།  དམངས་ཁྲོད་ཀྱི་རིག་གནས་དང་འབྲེལ་ཚུལ།  ཉེས་འགོགས་ཀྱི་ཕན་ཡོན་ལྡན་ཚུལ་སོགས་རྣམ་པའི་ཆ་ཁ་ཤས་ཀྱི་ཐོག་ནས་བཤད་པ་ལ།  

དང་པོ་མིང་ལ་འུར་ཆ་དང་།  འུར་ཐག  འུར་བཏག  འུར་རྡོ་སོགས་འབོད།  སྤྱིར་འུར་ཞེས་པ་ནི་སྒྲ་ཡི་དོན་ལ་འཇུག་པ་སྟེ་སྐབ་འདེར་དམིགས་བྱེད་ཀྱི་ལག་ཆ་དེས་དམིགས་སར་དེར་འཇིགས་ཟིལ་སྟེར་བའི་སྒྲ་སྐད་ཀྱི་དོན་ལ་འཇུགས་པ་ཡིན།  འུར༼ཆ༽ཞེས་པ་ནི་ལག་ཆ་ཡིན་པའི་དོན་དང་།  འུར༼ཐག༽ཞེས་པ་ནི་རྒྱུ་ཆ་ལ་བཤད་པ་དང་།  འུར༼བཏག༽ཞེས་པ་ནི་བཟོ་བཏང་ལ་དང་།  འུར༼རྡོ ༽ཞེས་གཞན་ལ་འཇིགས་ཟིལ་སྟེར་བྱེད་ཀྱི་དྲག་ཤུགས་དང་ལྡན་པའི་རྡོ་བ་དེའི་དོན་ཡང་ཡིན།

གཉིས་པ་དུས་ནམ་ཞིག་ལ་བྱུང་ཞེ་ན།  དེ་ཡང་ཐུན་མོང་གི་འཚོ་བའི་དུས་འཇུག་ཙམ་ན་གདོད་མའི་སྤྱི་ཚོགས་སུ་རི་དྭགས་རྔོན་བྱེད་ཀྱི་ཐོན་སྐྱེད་ཡོ་བྱད་དང་དགྲ་འགོག་རང་སྲུང་བྱེད་པ་སོགས་འཚོ་བའི་ལག་རྟེན་གཙོ་བོ་དེ་རྡོ་ཆས་ཡིན་ལ།  ང་ཚོས་དེའི་བཀོལ་ཡུལ་ལ་དཔྱད་ཚེ།  བོད་གདོད་མའི་དུས་སུ་རང་བྱུང་ཁོར་ཡུག་འདུལ་སྦྱོང་བྱེད་པ་དང་མཉམ་དུ་དབང་འཛིན་བཅུ་གཉིས་ཀྱི་དུས་སུ་ལག་ཆ་འདི་བྱུང་ཏེ།  མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོས་དབངས་བསྒྱུར་བའི་དུས་དེར་ལག་ཆ་མདའ་གཞུ་དང་སྟ་རེ།  རྐང་ཤིང་།  སྒྱོགས་རྡོ།  ཆུ་གྲི།  ཞགས་པ།  འུར་ཆ་སོགས་འཚོ་བའི་ལག་ཆ་མང་པོ་བྱུང་སྟེ། ༼ཆོས་འབྱུང་མཁས་པའི་དགའ་སྟོན༽ ལས།  ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ལ་གནས་འདིར་གཞིས་ཆགས་པའི་མི་རྣམས་ཀྱིས་གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་མ་རྨོས་པའི་ལོ་ཏོག་སྤྱོད་པའི་སྐབས་ནས་རིམ་བཞིན་རི་དྭགས་རྔོན་པ་དང་རྩྭ་ཐང་དང་ནགས་ཚལ་དུ་འཚོ་བ་རོལ་བའི་གདོད་མའི་མི་ཚོས་ཐོག་མར་རྡོ་དང་དབྱུག་པ་དང་།  དེ་ནས་མདའ་གཞུ་ལ་བརྟེན་ནས་རི་དྭགས་རྔོན་པ་དང་།  ཞེས་དང་ཡང་།  དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།  ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན།  ཞེས་པས་མངའ་མཛད་དགུའི་ནང་ཚན་དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དབང་བསྒྱུར་གྱི་དུས་སུ་ཡང་ལག་ཆ་འདི་སྤྱད་པ་དང་།  ད་དུང་༼ཡུལ་གླིང་སྲིན་པོ་ནག་པོའི་ཡུལ་དགུ་ཟེར།  བྲག་རི་དམར་ནག་ནགས་ཁྲོད་གནས་སུ་བཟུང་།  མི་རྣམས་སེམས་ཅན་ཤ་ཟ་གདོང་མ་དམར།  སྲིན་མོའི་རྐང་དང་འུར་རྡོ་ལག་ཆ་བྱུང་༽ ཞེས་དབང་མཛད་དགུའི་དུས་སྐབས་སུ་དགྲ་གཅན་གཟན་ལ་སོགས་ཕྱི་རོལ་ཡུལ་གྱི་གནོད་པ་འགོག་བྱེད་དང་།  ཁོར་ཡུག་གི་དགྲ་ཟླ་ཕར་རྒོལ་བྱེད་པ་སོགས་ལས་འུར་ཆའི་རྣམ་པ་འདི་ཐོག་མར་དར་བ་གསལ་བཤད་བྱས་ཡོད།  ད་དུང་༼ བོད་ཀྱི་དམངས་སྲོལ་རིག་པའི་སྤྱི་བཤད ༽ ཅེས་པ་ལས།  གནའ་ཤིན་ཅང་གི་ས་འོག་ནས་ཐོན་པའི་བོད་བཙན་པོའི་སྐབས་ཀྱི་མཚོན་ཆའི་ཁྲམ་བྱང་དུ་ཁྲབ་རྨོག་དང་།  དུང་རིང་།  མདའ་གཞུ།  འུར་རྡོ།  རལ་གྲི་གྲི་ཤུབས་སྦྲགས་མ།  མདའ་དོང་བཅས་བྱུང་ཚུལ་བཀོད་ཡོད་པས།  ད་ལྟའི་བོད་ཀྱི་ལུས་རྩལ་རྣམ་གྲངས་འུར་རྡོ་ནི་བགྲང་བྱ་སྟོང་ཕྲག་ཡར་སྔོན་ནས་བྱུང་ཟིན་པ་ཤེས་ཐུབ།  ཅེས་བཀོད་འདུག  འུར་ཆ་ནི་འཚོ་བའི་མཁོ་ཆས་ཙམ་མ་ཟད།  གོ་མཚོན་ཐམས་ཅད་ལས་སྔ་བ་དང་མྱུར་ཚད་སོགས་ཀྱང་ཆེ་བའི་ཚུལ་ནི༼ དམངས་ཁྲོད་དང་གླིང་སྒྲུང་སཕགས་ལ ༽གོ་མཚོན་ནང་གི་སྔ་མ་ཡིན།  མྱུར་མགྱོགས་ཆེ་བའི་ལག་ཆ་ཡིན།  ཞེས་འཁོད་ཡོད།  སྤྱིར་བོད་མིས་འུར་རྡོ་སྤྱད་པའི་ལོ་རྒྱུས་དེ་བོད་རྒྱལ་གཉའ་ཁྲི་བཙན་པོའི་དུས་སྐབས་བར་ཡར་འདེད་ཆོག  ད་ལྟའི་བར་དུ་མ་མཐའ་ཡང་ལོ་ངོ་སུམ་སྟོང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་།  དེ་ནི་བོད་མིི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

གསུམ་པ་འུར་རྡོའི་རྒྱུ་ཆ་ནི་གདོད་མའི་དུས་སུ་ཤིང་ཤུན་དང་ཤིང་རྩད་རྩྭ་རྒྱུས་ལས་གྲུབ་པ་དང་།  རྗེས་སུ་མིའི་བློ་གྲོས་ཀྱི་རྩལ་གོང་འཕེལ་སོང་བ་དང་བསྟུན་ནས་སྲོག་ཆགས་ཀྱི་སྤུ་དང་།  དེ་ནས་ནོར་ལུག་གི་སྤུ་སོགས་ཀྱི་རྒྱུ་ཆ་ལས་གྲུབ་པ་དང་།  རིམ་བཞིན་རྒྱུ་སྤུས་དང་མཛེས་རྩལ་ཡང་ཇེ་ལེགས་སུ་སོང་ནས།  རྗེས་སུ་རྩིད་འུར་དང་།  བལ་འུར།  མཛེས་འུར་སོགས་རྣམ་པ་མང་པོ་ཆག་ཡོད།  གླིང་སྒྲུང་༼ དམངས་ཁྲོད་དང་ཚ་བ་མདའ་རྫོང་༽ལས།  དཀར་པོ་ལུག་གི་སྤུ་ལས་གྲུབ། །སྟོང་ལུག་འཁོར་བའི་རྟེན་འབྲེལ་འགྲིག །ནག་པོ་བེའུའི་སྤུ་ལས་གྲུབ། །འབྲི་བརྒྱ་འཁོར་བའི་རྟེན་འབྲེལ་འགྲིག །ཅེས་པ་ལས་འུར་ཆའི་རྒྱུ་ཆ་གཡང་དཀར་ལུག་གི་བལ་དཀར་པོ་དང་བེའུའི་སྤུ་ནག་པོ་ཡིན་པ་བརྗོད་པ་དང་།  དཀར་ནག་འདྲེས་མའི་བཟོས་པས་ཁྲ་ཆེན་དང་ཁྲ་ཆུང་ཞེས་མིང་གི་འབོད་སྲོལ་དུ་མཆིས།  དམངས་ཁྲོད་དུ།  འུར་ཀ་རྒྱ་སླས་ཀག་སྒྲ་ཆེ། །ཚར་ལྕེ་ཕྱིར་སྒྲིམ་ཚག་སྒྲ་ཆེ། །བ་ཟིལ་བེའུ་ཁྲ་རྒྱང་འགྲོ་ཆེ། །ཞེས་ཟེར་ནས་འུང་ཆའི་སླས་སྟངས་དང་། ཁྲ་གཏོད་སྟངས། རིང་ཐུང་། སྦོམ་ཕྲ་སོགས་སྣ་ཁ་མང་ཞིག་ཡོད་སྟེ།  རྩིད་འུར་ཞེས་པ་འབྲི་གཡག་གི་གྲ་ཁུ་དང་།  རྩིད་པ་བཅས་ལས་བཟོས་པ་ལ་ཟེར་ཞིང་དེ་ནི་རྒྱུ་མཁྲེགས་ལ་སྤྱོད་ཤེད་ཆེ།  བལ་འུར་ནི་ལུག་གི་བལ་དང་གྲ་ལས་གྲུབ་པ་ལ་ཟེར་ཞིང་དེ་ནི་ཡང་ཞིང་མཉེན་ལ་སྐད་སྒྲ་བཟང་།  མཛེས་འུར་ནི་བལ་ཁུ་དཀར་ནག་གམ།  ཡང་ན་སྣལ་སྐུད་ཚོས་མདོག་སྣ་ཚོགས་ལས་བཟོས་པ་ལ་ཟེར་ཞིང་།  ད་དུང་ར་རྩིད་འུར་རྡོ་ཞེས་པ་ར་རྩིད་ཀྱི་བཟོས་པ་སོགས་ཡོད་དེ་ནི་ཡུལ་ལ་ལར་ར་འུར་བེད་སྤྱོད་བཏང་ན་རྣམ་རྟོག་བྱེད་སྲོལ་ཡོད་པ།  དཔེར་ན།  རང་གི་ར་རྩིད་འུར་རྡོ་དེ།  རང་གི་འགྲམ་པ་གཅོག་བྱེད་རེད།  ཅེས་པ་དང་།  ར་ཡི་འུར་རྡོ་ར་ཡི་མཇིང་པར་འཁོར།  ཞེས་པའི་གཏམ་དཔེ་ཡང་ཡོད།  

བཞི་པ་བཟོ་ཁྱད་ནི་སྐུད་པ་ཚོན་མདོག་རྐྱང་པས་བསླས་པ་དང་།  ཚོན་མདོག་འདྲེས་མས་བསླས་པ་གཉིས་སོ།  རྐྱང་པར་བསླས་པ་ལའང་ཟིལ་མ་སྒང་ལྷས་དང་།  གའུ་ཁ་སྦྱོར་སོགས་ཡོད།  ཚོན་མདོག་འདྲེས་མར་བསླས་པ་ལའང་སྤྱིར་བཏང་པ་དང་།  སྤུས་ལེགས་གཉིས་ཡོད།  སྤྱིར་བཏང་ནི།  བརྒྱད་ཐད་ལྷས་དང་།  བཞི་ལྷས་སོགས་ཡོད།  སྤུས་ལེགས་སམ་མཛེས་འུར་ལ་ཆུ་མིག་དགུ་སྒྲིག་དང་།  སོབ་ལྷས་རྟག་ཁྲ།  གཟི་རིལ་མིག་མ།  མིག་མ་ཁ་སྦྱོར་སོགས་རིགས་ཀྱི་དབྱེ་བ་མང་བར་མཆིས།  ཆུ་མིག་དགུ་སྒྲིག་ནི་སྐུད་པ་དཀར་ནག་བཅུ་དྲུག་གམ་བཅུ་བརྒྱད་སོགས་གང་རུང་ཞིག་གི་ཐོག་མར་འུར་ལུང་ངམ་མཛུབ་ཁུང་སོར་བདུན་བརྒྱད་ཙམ་ལེབ་མོར་ལྷས་ནས།  དེའི་མཚམས་ཡར་མཆོག་ལ་རི་མོ་དཀར་ནག་གཡས་འཁྱིལ་དང་གཡོན་འཁྱིལ་རིམ་བཞིན་བར་ཐག་ངེས་ཅན་ཞིག་བཏོད་དེ་འུར་རྡོའི་སྟོད་དུ་ཐེངས་ལྔ་ཡོད་ལ།  འུར་རྡོའི་སྨད་དུ་ཐེངས་བཞིར་ཤར་འོངས།  འདི་ལྟ་བུའི་སྟོད་སྨད་གཉིས་སུ་མིག་གི་རིས་དབྱིབས་ཐེངས་དགུ་ཤར་བའི་འུར་རྡོ་ལ་ཆུ་མིག་དགུ་སྒྲིལ་ཟེར་བ་དང་།  སོབ་ལྷས་ནི་སྐུད་པ་དཀར་ནག་བཅུ་དྲུག་བྱས་པ་དང་།  བཅོ་བརྒྱད་བྱས་པ།  ཉི་ཤུ་རྩ་གཉིས་བྱས་པ་སོགས་ཡོད།  ཐོག་མར་འུར་ལུང་གི་མཚམས་ནས་རི་མོ་གཞུངས་དུ་སྒོང་གཤོང་དཀར་ནག་དང་འཕྲད་ལ་རི་མོ་ཏག་སོ་བྱས་པ་གཉིས་རིང་མོར་བྱས་ནས་རི་མོ་རིང་ཐུང་དང་མཚམས་པོར་ཕབ་རྗེས་འུར་རྡོའི་སྟོད་དུ་ཐེངས་ལྔ་དང་།  འུར་རྡོའི་སྨད་དུ་ཐེངས་བཞིར་ཤར་འོངས་བ་དེ་ལ་སོབ་ལྷས་ཏག་ཁྲ་མ་ཟེར།   གཟི་རིལ་མིག་མ་ནི་ཐོག་མར་སྐུད་པ་དཀར་ནག་རྐྱ་མ་བཅུ་དྲུག་དང་བཅོ་བརྒྱད་གང་རུང་གིས།  གཟི་མིག་དང་འདྲ་བའི་རི་མོ་གྲུ་བཞི་ནར་དབྱིབས་སུ་ཕབ་རྗེས།  ཕྱོགས་བཞི་ན་ཆ་འགྲིག་ཡིན་པའི་མིག་གི་རི་མོ་ཞིག་མངོན་ཡོང་བ་དེ་ནི་གཟི་རིལ་མིག་མ་ཟེར།  མིག་མ་ཁ་སྦྱོར་ཞེས་པ་སྐུད་པ་རྐྱ་མ་བཅུ་དྲུག་ཆ་གཉིས་སུ་བགོས་ཏེ་བྱེའུ་མིག་གི་རི་མོ་ཡོད་པའི་སྐུད་པ་ལྷས་རྗེས།  ཡང་ལྷས་མ་རྐྱ་མ་གཉིས་མཉམ་གཤིབ་བྱས་ཏེ་བཙེམ་ན་གྲུ་བཞི་ནར་དབྱིབས་ཀྱི་རྣམ་པ་ཞིག་ཐོན་ལ། དེའི་ངོས་བཞི་བོ་ཚང་མར་བྱེའུ་མིག་གི་རི་མོ་ཡོད།  འུར་རྡོ་འདི་རིགས་ནི་ཞིབ་ཚགས་ཡིན་པ་མ་ཟད་འཕངས་ཚེ་རྒྱང་དུ་འགྲོ་ཞིང་།  ངར་ཤུགས་ཆེ་ལ་སྐད་སྒྲ་ཆེ་བའི་ཁྱད་ཆོས་ཡང་ཡོད།

ལྔ་པ་པ་བཀོལ་སྤྱོད་བྱེད་ཚུལ་ནི།  འུར་རྡོའི་རིང་ཚད་ལ་མི་འདྲ་བ་མང་པོ་ཡོད་ཀྱང་།  གཙོ་ཆེར་རྨི་གཅིག་དང་ཕྱེད་ཀ་ཙམ་བྱེད་པ་དང་།  ཡང་ནས་སྤྱོད་མཁན་གྱི་གཟུགས་པོའི་རིང་ཚད་ལ་གཞིག་དགོས།  འུར་རྡོ་ཆ་ཚང་ཞིག་ནི་འུར་ལུང་དང་།  འུར་མཐིལ།  འུར་སྟོད།  འུར་སྨད།  རྡོ་དཀྲིས།  འུར་ལྕེ་འམ་ཚར་ལྕེ་སོགས་ལ་གྲུབ་པ་ཡིན།  འུར་རྡོའི་ཡ་མཆོག་ཏུ་ཚངས་ཐིག་ལ་ཕལ་ཆེར་སོར་བདུན་བརྒྱད་ཙམ་ལེབ་མོར་ལྷས་པའི་མཛུབ་ཁུང་ཞིག་ཡོད་པ་དེ་འུར་ལུང་ཡིན།   ཡང་འུར་ལུང་ནས་འུར་མཐིལ་བར་ལ་འུར་སྟོད་དམ་ཡར་མཆོག་ཟེར་ཞིང་།  འུར་རྡོའི་ཡར་མཆོག་དང་མར་མཆོག་གི་དཀྱིལ་དུ་གོར་གོར་ནར་དབྱིབས་ཅན་ཐལ་མཐོ་གང་ཙམ་ཡོད་པ་དེའི་མིང་ལ་འུར་མཐིལ་ཟེར།  འུར་མཐིལ་གྱི་རི་མོ་ནི་སྣ་མཛེས་ཆོས་སུ་བྱས་པ་ཞིག་ཡིན་ཞིང་།  འུར་མཐིལ་ནས་སོར་བཅུ་ཙམ་གྱི་ཁག་དེ་ལ་རྡོ་དཀྲིས་ཟེར་ཞིང་།  འུར་མཐིལ་དང་རྡོ་དཀྲིས་བར་གཙུབས་བརྡར་ཆེན་པོ་འབྱུང་བའི་རྐྱེན་གྱིས་རྡོ་དཀྲིས་ནི་སྤྱིར་བཏང་རྩ་ཀོ་བས་བཏུམས་བཟོ་བྱས་ནས།  ཐོག་ཉི་ཟླ་དང་དཔལ་བེའུ་སོགས་མཛེས་སྡུག་ལྡན་པའི་རི་མོ་སྣ་ཚོགས་འཚེམ་དྲུབ་བྱས་ཡོད།  འུར་མཐིལ་ནས་ཚར་རྩེའི་བར་འུར་སྨད་དམ་མར་མཆོག་ཟེར་བ་དང་།  མ་མཆོག་ཏུ་ཅུང་ཕྲ་བའི་བལ་གྱི་ཁ་ཆུ་དང་རྩིད་པ་སོགས་ཀྱིས་བཟོས་པའི་ཚར་ལྕེ་ཞིག་བཟོ་བ་དེ་ལ་འུར་ལྕེ་ཡང་ཟེར།  འུར་རྡོ་འཕེན་སྐབས་ཡར་མཆོག་འུར་ལུང་གི་ཨ་ལོང་དཀྱིལ་མཛུབ་ཏུ་བསྐོན་པ་དང་མར་མཆོག་གི་ཚར་ལྕེ་ལག་གཡས་པའི་གོང་མཛུབ་བརྒྱུས་དེ་མཐེ་བོང་གིས་བཟུང་ནས་འཐེན་ཙམ་བྱས་ཏེ།  འུར་མཐིལ་གྱི་ནང་དུ་རྡོ་རིལ་ཆེ་ཆུང་མཚམས་པོར་ཞིག་བླུགས་ཏེ་ལག་གཡོན་པས་བཟུང་།  འུར་སྟོད་དང་འུར་སྨད་གཉིས་རིང་ཐུང་ཐང་ལྷོད་མཉམ་པ་བཟོས།  ལག་གཡོན་པས་འུར་མཐིལ་གློད་པ་དང་དུས་མཚུངས་ལག་གཡས་པས་འུར་རྡོ་མགོ་བོའི་ཐོག་ནས་སྐོར་བ་འགའ་ཞིག་བསྐོར་མཐར།  གོམས་ཤུགས་ཆེར་སོང་མཚམས་སུ་བབ་དང་བསྟུན་ནས་ཚར་ལྕེ་དེ་མཛུབ་མོ་གཉིས་ཀྱི་དབར་ནས་གློད་ན་དམིགས་འབེན་དུ་འཕེན་དགོས།  འུར་མཐིལ་གྱི་རྡོ་དེ་འུར་སྒྲ་དང་བཅས་རྡོ་དེ་རྒྱང་རིང་དུ་འགྲོ།  བོད་ཀྱི་དམངས་ཁྲོད་ངག་རྒྱུན་དང་གླིང་སྒྲུང་སོགས་ལས།  འུར་རིང་མ་དེ་རྒྱང་ལ་འགྲོ  །ཁྲ་ཐུང་མ་དེ་གཏད་ཁ་ཚ། །ཨ་ཁྲའི་འུར་རྡོ་ཚག་འཁོབ་ཆེ། །དྲེད་མོའི་འུར་རྡོ་འོག་ལྕགས་ཆེ། །ཚག་ཟེར་ན་གླ་བ་མཐའ་ལ་འཕེན། །ཁག་ཟེར་ན་རི་བོང་ཀླད་ཞོ་འདོར། །ཡར་འཕངས་ཤ་ཕོའི་རྭ་ཡ་གཅོག །མར་འཕངས་ཡུ་མོའི་སུག་བཞི་གཅོག །འུར་ཁྲ་རིང་མ་ཡི་ནང་རོལ་ལ། །ཕ་བོང་དཀར་བོ་གུར་ཙམ་ཡོད། །ཐོད་དཀྱིལ་ལ་གཟས་ཏེ་རྒྱག་རྒྱུ་ཡིན། །འུར་ཁྲ་རིང་མ་ཡི་ནང་རོལ་ལ། །ཕ་བོང་དཀར་བོ་གུར་ཙམ་ཡོད། །ཐོད་དཀྱིལ་གཟས་ཏེ་རྒྱག་རྒྱུ་ཡིན། །འུར་ཁྲ་རིང་མ་ཡི་ནང་རོལ་ན། །ཕ་བོང་སེར་བོ་རྟ་ཙམ་ཡོད། །སོག་དཀྱིལ་གཟས་ཏེ་རྒྱག་རྒྱུ་ཡིན། །འུར་ཁྲ་ཐུང་མ་ཡི་ནང་རོལ་ན། །ཕ་བོང་ནག་པོ་སྦྲ་ཙམ་ཡོད། །མགོ་སྤྱི་གཙུག་གཟས་ཏེ་རྒྱག་རྒྱུ་ཡིན། །ཞེས་འུར་ཆ་ནི་ཕྱུགས་རིགས་འདེད་འགུག་གི་ནུས་པ་ལས་གཞན་ཕྱུགས་རིགས་ལ་གནོད་པ་གཏོང་མཁན་གཅན་གཟན་སོགས་བཀག་འགོག་གི་ནུས་པ་དགྲ་འགོག་རང་སྲུང་གི་ནུས་པ་ཡོད་པ་བསྟན་ཡོད།

དྲུག་པ་འུར་སྡོ་དམངས་ཁྲོད་ཀྱི་རིག་གནས་དང་འབྲེལ་ཚུལ།  སྤྱེར་མིའི་རིགས་ཀྱི་བྱ་དངོས་གང་དང་གང་ཡིན་རུང་དུས་ཡུན་རིང་བའི་འཚོ་བའི་ཐོན་སྐྱེད་དང་ཉམས་མྱོང་ལས་བྱུང་བ་དང།  འུར་རྡོ་ཡང་དེ་ལས་མ་འདས་པར་བོད་རང་གི་ཐུན་མོང་མ་ཡིན་པའི་འཚོ་བའི་ཐོན་སྐྱེད་ལ་ནུས་པ་ཐོན་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  དེ་ནས་རིམ་བཞིན་གོ་མཚོན་གྱི་ནུས་པ་ཐོན་ཏེ།  མེས་པོ་རྣམས་ཀྱིས་བློ་གྲོས་ཀྱི་རྩལ་ལས་ཐོ་པའི་འུར་ཆ་ལ་བརྟེན་ནས་གདོད་མ་ནས་ད་ལྟའི་བར་དུ་ཕྱིའི་དགྲ་འགོག་རྒོལ་དང་།  རི་དྭགས་རྔོན་བྱེད་བར་དུ་གཡུལ་འགྱེད་བྱེད་སྐབས་ཀྱི་རྒྱང་འཕེན་དྲག་ཆས་སྟབས་བདེ་ཞིང་གོ་ཆོད་པ་ཞིག་ཀྱང་ཡིན།  འུར་རྡོའི་རྒྱུན་སྤྱོད་ཀྱི་ཕན་ནུས་ནི་ཕྱུགས་ཟོག་འདེད་བྱེད་དེ་ཡིན།   འུར་རྡོ་འཕང་ནས་ཕྱུགས་ཟོག་གི་ཁ་ཕྱོགས་བསྒྱུར་ཐུབ་ལ།  ཡང་ན་ལྗགས་རྩེ་ཁོ་ན་གཡུག་པའི་ཙག་སྒྲ་དེ་ལ་བརྟེན་ནས་ཕྱུགས་ཁྱུའི་ཁ་ཕྱོགས་བསྒྱུར་བའམ་ཕྱོགས་སུ་ཡན་པའི་ལུག་ཁྱུ་མཉམ་དུ་བསྡུ་ཐུབ།  ད་དུང་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་འུར་ཆའི་བཀོལ་ཡུལ་དང་བཀོལ་སྟངས་ཀྱི་རྣམ་པ་འཕོ་འགྱུར་བྱུང་ནས་མི་རྣམས་དཔུང་བའི་ཤེད་ཤུགས་དང་ལྡེམ་མྱུར།  གནད་ལ་འཁེལ་བ་སོགས་འགྲན་པའི་ལུས་རྩལ་རྣམ་གྲངས་སུ་གྱུར་ཡོད་པ་བོད་པའི་དགའ་སྟོན་དང་དུས་ཆེན་མང་པོའི་སྟེང་ནས་མཐོང་ཐུབ།  རྔོན་ལས་ཐོན་སྐྱེད་དང་གཡུལ་འགྱེད་བྱ་གཞག་ནང་བེད་སྤྱོད་བྱས་པའི་ཡུན་རིང་གི་ཉམས་མྱོང་ལ་འུར་རྡོ་འཕེན་རྒྱུ་དེ་ལའང་ལུས་ཀྱི་རྩལ་སྦྱོང་བྱས་པས་གྲུབ་འབྲས་རྩེར་ཐོན་པར་བསྟུན།  འུར་རྡོའི་འཕེན་རྩལ་འགྲན་པ་ལ་རྒྱང་རིང་ཐུང་འགྲན་པ་དང་ཚ་ཁ་འགྲན་པའི་དབྱེ་བ་གཉིས་ཙམ་བྱུང་ནས།  འུར་རྡོ་འཕང་སྟེ་རྒྱང་ཚད་རིང་ཐུང་གི་རྩལ་ལག་འགྲན་པ་ལ་རྒྱང་འགྲན་པ་ཞེས་ཟེར་བ་དང་།  དམིགས་འབེན་བཙུགས་ཏེ་འུར་རྡོའི་གཟེ་ཁ་འགྲན་པ་ལ་ཚ་ཁ་འགྲན་པ་ཟེར་བ་སོགས་འུར་ཆ་འཕེན་རྩལ་སྦྱོང་བ་དང་འགྲན་སྡུར་བྱེད་པ་དར་ཏེ།  དམངས་ཁྲོད་ཀྱི་ལུས་རྩལ་རྣམ་གྲངས་སུ་གྱུར་ཡོད།  ད་དུང་མོ་འདེབས་པའི་མོ་ཆས་སུ་གྱུར་ཡོད་ཏེ།  ཕྱུགས་རྫི་རྣམས་ཀྱིས་དུས་རྒྱུན་ཕྱུག་ཟོག་འཚོ་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ་ཕྱུགས་ཟོག་བོར་རླག་སོང་ཚེ་འུར་རྡོའི་མོ་འདེབས་པའི་གོམས་སྲོལ་དེ་དུས་ད་ལྟའང་མ་ཉམས་པར་གནས་ཡོད།  དུས་སྔ་མོ་ནས་མི་སུ་ཞིག་དོན་གང་དང་འཕྲད་ཚེ།  ཆོས་ལུགས་དད་མོས་ལ་བརྟེན་ནས་ཐོག་མར་མོ་རྩིས་ལུང་གསུམ་འདེབས་པར་གོམས་འདུག་ཅིང་།  ལྷག་པར་དུ་གླིང་སྒྲུང་སོགས་ལ་དམག་དོན་དང་དོན་གལ་ཆེན་དང་འཕྲད་ཚེ་མོ་འུར་མོ་ལ་བརྟག་ནས་འབྱུང་འགྱུར་གྱི་དོན་ལ་སྔོན་དཔག་བྱེད་པའི་སྐོར་མང་པོ་ཞིབ་ཡོད།   ཆོས་ལུགས་ཀྱི་ཆོ་གའི་བསྒྲུབ་ཆས།  དམངས་ཁྲོད་དུ་བཤད་ཚུལ་ལྟར་ན།  གདོད་མའི་དུས་ནས་འུར་ཆ་ལ་བརྟེན་ཏེ་རང་བྱུང་གི་གནོད་འཚེ་འགོག་སྲུང་བྱེད་སྲོལ་ཡོད་ཅིང་།  ལྷག་པར་དུ་སྤྲིན་ནག་ལང་ལོང་དུ་འཁྲིགས་ནས་དྲག་ཆར་ཆེན་པོ་འབབ་ལ་ཉེ་བའི་དུས་དེར།  དྲག་ཆར་འགོག་པའི་ཆོས་པ་རྣམས་ཀྱི་འུར་ཆའི་ནང་དུ་ཡུངས་འབྲུ་དང་འབྲུ་རིགས་སྣ་ཚོགས་བཞག་སྟེ་དགུང་སྔོན་གནམ་ལ་གཏོར་རྗེས།  སྤྲིན་ནག་ཐར་ཐོར་ཏུ་འགྲོ་བའི་བཤད་སྲོག་མཆིས།  སར་འགོག་སྐབས་སུ་བཀོལ་བའི་འུར་ཆ་དེ་ནི་རྒྱུན་ལྡན་གྱི་འུར་ཆ་དང་བསྡུར་ན་ཐུང་ལ་ཆུང་བའི་ཁྱད་ཆོས་ཡོད།  ད་དུང་སྒྲུབ་ཁང་དང་སྒྲུབ་རྔ་སོགས་ལ་འུར་རྡོ་འདོག་ན་ལྷ་སྲུང་འཁོར་བའི་རྟེན་ཡང་བྱེད་སྲོག་ཡོད།  ད་དུང་འུར་རྡོ་ནི་རྒྱན་སྤྲས་ཀྱི་ཡོ་བྱད་དུ་བྱེ་སྲོལ་ཡོད་ཏེ།  དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ན་འུར་ཆའི་བཀོལ་སྟངས་ཀྱི་གནས་བབ་དང་སྤྱི་ཚོགས་འཚོ་བ་གོང་འཕེལ་དུ་སོང་བ་དང་རིམ་བཞིན་མཛེས་ཆས་ཀྱི་རྣམ་པ་རུ་གྱུར་ཡོད།  རྒྱན་གོས་འདོགས་ཆས་མང་པོ་ཞིག་ཐོག་མའི་དུས་སུ་ཡོ་ཆས་ཡིན་པ་དང་རིམ་བཞིན་རྒྱན་ཆས་སུ་གྱུར་ཡོད་དེ།  འུར་ཆའི་རིགས་ལས་མཛེས་འུར་ཁྲ་བོ་ཞེས་པའི་འུར་ཆ་དེའི་རྒྱུ་ཆ་ནི་བལ་ཁུ་དཀར་ནག་དང་སྣམ་སྐུད་ཚོན་མདོ་སྣ་ཚོགས་ལས་བཟོས་པ་ཡིན་ལ། གཞོན་ནུ་ཕོ་མོ་ཚོས་སྐེད་པར་བཏགས་ནས་མཛེས་རྒྱན་དུ་བྱེད་སྲོལ་ཡོད་པ་མ་ཟད།  འུར་རྡོས་ད་དུང་ལོ་ཆུང་བྱིས་པ་དག་གི་རྩེད་ཆས་ཀྱང་བྱེད་ཐུབ།  གབ་ཚིག་གི་གབ་བྱ།  ཞིང་འབྲོག་པའི་གབ་ཚིག་ཏུ་རྒྱུན་པར།  འུར་རྡོ་གབ་བྱ་ཡིན་པའི་གབ་ཚིག་སྣ་ཚོགས་ཡོད་དེ།  དཔེར་ན།  རི་མོ་དཀར་ནག་སྦྲུལ་ལུས་འདྲ།  རྔ་མ་དཀར་པོ་དུང་དཀར་འདྲ།  མགོ་བོ་མི་ཡི་ལག་པས་བསྡམས།  རྡོ་བ་མིད་ཅིང་སླར་ཡང་སྐྱག  ཅེས་པ་དེ་འི་ལན་འུར་རྡོ་ཡིན།  ཚང་དུ་ཉལ་ན་ཞེ་སྡང་སྦྲུལ་དང་འདྲ།  ཕྱི་རུ་ཐོན་ན་བར་སྣང་འབྲུག་དང་འདྲ།  དྲག་དུ་ཁྲོས་ན་རྡོ་ཡི་ཐོག་མདའ་འཕེན།  རྐན་སྒྲ་བརྡབ་ན་གློག་དམར་འཁྱུག་དང་མཚུངས།  ཞེས་པ་དེའི་ལན་འུར་རྡོ་ཡིན།  མགོ་བོ་དཔའ་ལུང་རྡོ་རྗེའི་མདུད།  སྐེད་པ་གཡུང་དྲུང་པ་ཏྲའི་རིས།  རྔ་མ་དཀར་པོ་དུང་གི་མདོག  མགོ་ལུས་ཚང་མ་མིག་གིས་གང་།  ཁ་རེ་གདངས་ན་རྡོ་རེ་ཟ།  ཞེས་པ་དེའི་ལན་འུར་རྡོ་ཡིན།  བསྡད་ན་གློ་ཆས་ལུས་ཀྱི་རྒྱན།  སོང་ན་གཡང་དཀར་ལུག་གི་རྫི།  ཉག་ཕྲན་མིན་དེ་འདྲ་ལ་ཁད།  ཞེས་པ་དེའི་ལན་འུར་རྡོ་ཡིན།  རྒྱུད་ཀྱི་མ་བཀུག་གཉེན་མོའི་གཞུ།  སྒྲོ་ཡི་མ་རྒྱན་སྲ་མོའི་མདའ།  འཕང་ན་ལག་པ་ཅིག་གིས་མཆོག  ཕོག་ན་མགོ་སྟོང་ཀླད་རྒྱ་གཏོར།  ཞེས་པ་དེའི་ལན་འུར་རྡོ་ཡིན།  ཕ་མགར་བའི་ལག་གིས་མ་བརྡུང་བས།  བོའུ་ཕྲ་རིང་དུང་གི་རྣ་ཅོག་ཅན།  རྫས་མདེའུ་མི་དགོས་ཐང་ནས་སྒྲུག  མེ་སྦི་ཏི་མི་དགོས་རང་འབར་རྒྱག  ཞེས་པ་དེའི་ལན་འུར་རྡོ་ཡིན།  ཤིང་དང་ལྕགས་ལས་མ་གྲུབ་མདའ་གཞུ་ཡིན།  རྫས་དང་སྦི་ཏི་མི་དགོས་རང་འབར་འདི།  དགྲ་བོ་ཀླད་རྒྱ་གཏོར་བའི་ཁྲ་རིང་མདའ།  ནོར་ལུག་ལྷས་ལ་བཙུད་པའི་རྫི་རོགས་ཡིན།  ཞེས་པ་དེའི་ལན་འུར་རྡོ་ཡིན།

བདུན་པ་འུར་རྡོས་ཉན་འགོག་ཕན་ནུས་ནི།  བོད་ཀྱི་དམངས་ཁྲོད་ངག་རྒྱུན་དང་གླིང་སྒྲུང་སོགས་ལས།  ལུས་ལ་འཆང་ན་དགྲ་ལྷ་འཁོར། །རྐེད་ལ་གཟར་ན་རྒྱན་དུ་མཛེས། །དམག་ལ་སོང་ན་དགྲ་ལས་རྒྱལ། །ཇག་ལ་སོང་ན་ནོམ་དང་འཕྲད། །ཚོང་ལ་སོང་ན་ཁེ་སྤོགས་གྲུབ། །ཁྱིམ་དུ་བཞག་ན་ཕྱྭ་གཡང་འཕེལ། །ཞེས་པ་འུར་ཆ་ལ་དགྲ་དགོག་ཐུབ་པའི་ནུས་པ་ཡོད་ཏེ།  དཔེར་ནས་དེ་སྔ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག ༼༡༩༠༤༽ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་རིགས་མི་དམངས་ཀྱིས་དཔའ་ངར་ཆེན་པོས་བཙན་འཛུལ་པར་འགོག་རྒོལ་བྱེད་སྐབས་འུར་རྡོ་བེད་སྤྱོད་བཏང་ཡོད་ལ།  ནུས་པ་ཡང་ཆེན་པོ་ཐོན་ཡོད།  ༼བོད་རིགས་ཀྱི་དམངས་ཁྲོད་གཞས་ཚིག་ལ།༽  འཇམ་པོའི་བལ་ལ་བཟོས་པའི། །འུར་རྡོ་ཆུ་མིག་དགུ་སྒྲིལ། །ཆུ་མིག་གཞུང་ནས་བརྒྱབ་པས། །དབྱིན་ཇེའི་སྣ་ལ་ཐེབ་སོང་། །ཞེས་གཏོང་སྲོལ་ཡོད།  ད་དུང་དགྲ་ལྷ་འཁོར་བྱེད་དང་གཡང་འགུག་གི་ནུས་པའང་ཡོད་པ་མ་ཟད།  སྐེ་ལ་བཏགས་ན་དབྱར་ཁའི་ཐོག་འགོག་ཐུབ་པ་དང་།  སྒོ་སྟེང་དུ་བཀལ་ན་བཀྲ་མི་ཤིས་པ་དང་དོན་མི་འགྲུབ་པའི་མགྲོན་པོ་སོགས་འགོག་ཐུབ།  གཞན་རས་གུར་སོགས་འདུག་ཁང་གི་མཐའ་འཁོར་དུ་བཞག་ན་གཅན་གཟན་དང་གདོན་འདྲེ་སོགས་འགོག་ཐུབ་པས་བཤད།  ད་དུང་ཁྱིམ་ཀྱི་ཀ་བ་དང་སྒོའི་ཐོད།  རྟ་སྒའི་སྔ་ཤ་ལ་བཏགས་ནས་སྲུང་བ་བྱེད་པའི་སྲོལ་ཡང་ཡོད།  དེས་དུས་བོད་ཀྱི་ཁ་ལོ་བ་འགའ་རེས་རླངས་འཁོར་དུ་འདོགས་ནས་སྲུང་བ་བྱེད་སྲོལ་ཡོད།  ད་དུང་རོང་ཁུལ་དུ། འུར་རྡོ་སྤྱད་དེ་གནོད་བྱ་དཀྲོགས་ཐུབ་སྟེ།  སྟོན་ཁ་ཐོན་ཚེ་ནས་དང་གྲོ་སོགས་སྨིན་ཡོད་པས་ཞིང་པ་རྣམས་ཀྱིས་འབྲུ་རིགས་ལ་གནོད་པ་མི་ཐེབས་ཕྱིར་བྱ་རིགས་ཕར་དཀྲོགས་འདེད་བྱེད་ཀྱི་ཡོད།  དམངས་ཁྲོད་ཀྱི་གཏམ་དཔེ་ལ།  བྱ་བརྒྱ་འུར་རྡོས་དཀྲོགས།  ཞེས་བཤད་སྲོལ་ཡོད།  འུར་རྡོའི་བཀོལ་སྟངས་མི་འདྲ་བ་མང་པོ་འགྱུར་བའི་གོ་རིམ་ཁྲོད་ན་ཐུན་མིན་གྱི་ནུས་པའང་བླ་ན་མེད་པ་ཐོན་པར་མ་ཟད་ཞིབ་འཇུག་གི་རྒྱུ་ཆ་གསོན་པོ་ཞིག་ཏུ་གྱུར་བ་ཡིན།།

༼རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...