རྩའི་བརྟག་ཚུལ་དང་མ་བུ་དགྲ་གྲོགས་ཀྱི་གསལ་བཤད།

ཡོངས་ཁུངས།   བོད་ལྗོངས་རིག་གནས་དྲ་བ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2015-01-13
དེ་ཡང་དུས་བཞི་དབྱར་དགུན་སྟོན་དཔྱིད་དང་ཤིང་མེ་ས་ལྕགས་ཆུ་ལྔ་སྟེ་ཁམས་ལྔར་ཕྱེ་ནས་ནི།  ད་ནི་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་ཇི་ལྟར་བརྩི་བའི་ཚུལ་བཤད་པར་བྱ་སྟེ།  དེ་ནི་ཤིང་མེ་ས་ལྕགས་ཆུ་ལྔ་པོ་རིམ་པས་ཡར་དེད་པ་ཡིན་ལ།  མར་དེད་བུའི་སྐོར་འགོ་ཡིན།  ཕྱི་མའི་འབྱུང་བ་སྔ་མ་སྔ་མ་ལས་སྐྱེ་བས་ཆུ་མ་ལྕགས།  དེ་བཞིན་ལྕགས་མ་ས།  ས་མ་མེ།  མེ་མ་ཤིང་།  ཤིང་གི་མ་ནི་ཆུ་ཞེས་མ་སྐོར་དང་།  སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་པ་བུ་སྟེ་ཤིང་བུ་མེ།  དེ་བཞིན་མེ་བུ་ས།  ས་བུ་ལྕགས།  ལྕགས་བུ་ཆུ།  ཆུའི་བུ་ནི་ཤིང་ཞེས་པ་གོང་མ་ལས་འོག་མ་འབྱུང་བས་དང་།  མེ་ཆུ་ས་ཤིང་ལྕགས་ལྔ་པོ་རིམ་པ་ལྟར་གཡས་དེད་པས་དགྲ་གཡོན་ནས་དེད་པས་གྲོགས་ཀྱི་སྐོར་འགོ་བརྩི་བར་བྱ་སྟེ།  མེ་དགྲ་ཆུ།  དེ་བཞིན་ཆུ་དགྲ་ས།  ས་དགྲ་ཤིང་།  ཤིང་དགྲ་ལྕགས།  ལྕགས་དགྲ་མེ་ཞེས་འོག་མའི་དགྲར་གོང་མ་འགྲོ་བས་སོ། །   ལྕགས་གྲོགས་ཤིང་།  དེ་བཞིན་ཤིང་གྲོགས་ས།  ས་གྲོགས་ཆུ།  ཆུ་གྲོགས་མེ།  (མེ་གྲོགས་མེ)མེ་གྲོགས་ལྕགས་ཡིན་ལ། །   མ་བུ་དགྲ་གྲོགས་ཀྱི་དགོས་པ་ནི།  ནང་དོན་སྣོད་ཀྱི་འབྱུང་བ་སྙིང་དང་རྒྱུ་མ་མེ།  གློ་ལོང་ལྕགས་མཁལ་མ་དང་ལྒང་བ་བསམ་སེའུ་ཆུ།  མཚེར་པ་དང་ཕོ་བ་ས།  མཆིན་པ་དང་མཁྲིས་པ་ཤིང་ཞེས་མ་ནོར་བར་བརྟགས་པ་བརྩིས་ཞེས་དུས་མཚམས་གང་ལ་ཡང་བརྟག་རུང་སྟེ།  དཔེར་ན་དཔྱིད་རྩ་རྒྱུད་མཐའ་དག་ཤིང་ཁམས་མཆིན་རྩ་རྒྱུ་མདུས་དེའི་མ་ཆུ་སྟེ་མཁལ་མའི་རྩ་རང་གི་མཚན་ཉིད་མཐིང་རིལ་སྐད་ལྟར་འཇམ་ལ་དལ་བར་འཕར་བ་དང་།  རང་རྩ་ཤིང་ཁམས་མཆིན་རྩའི་མཚན་ཉིད་དེ་ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར་བ་ལ་དར་བ་ཞེས་བྱ་སྟེ་དེས་ན་རབ་ཏུ་བཟང་ཞིག གྲོགས་རྩ་ས་ཁམས་མཚེར་རྩའི་མཚན་ཉིད་དེ།  ནས་ཟན་སྐད་ལྟར་ཐུང་ལ་འཇམ་པར་འཕར་ན་གྲོགས་འབྱུང་ལ།  ཤིང་བུ་མེ་ཁམས་སྙིང་རྩའི་མཚན་ཉིད་དེ་ཁུ་བྱུག་སྐད་ལྟར་སྦོམ་ལ་རིང་བར་འཕར་ན་དབང་ཐང་ཆེ།  ཤིང་དགྲ་ལྕགས་ཁམས་གློ་རྩའི་མཚན་ཉིད་དེ།  བྱིད་པོའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་ན་དགྲ་གློ་བུར་དུ་འོང་པའམ།  ཡང་ན་གསོ་དཀའི་ནད་ཀྱི་འཆི་བར་འགྱུར་རོ་ཞེས་པ་ལྟར་མ་བུ་དགྲ་གྲོགས་གཞན་དུའང་དེ་ལྟར་ཤེས་པར་བྱའོ།།   དེ་ལ་རྩ་གང་ཡིན་ཀྱང་འཕར་ལུགས་ལྔ་རེ་ཡོད་པའི་རང་གི་འཕར་ཚུལ་ལྟར་འཕར་ན་དལ་བ་ཆུང་ངུ་།  གྲོགས་ལྟར་འཕར་ན་དར་བ་འབྲིང་།  མ་ལྟར་འཕར་ན་དར་བ་ཆེན་པོ་སྟེ་གསུམ་ཡང་བཟང་སྟེ།  དཔེར་ན་མཆིན་རྩ་དེ་ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར་ན་རང་གི་འཕར་ལུགས་དང་།  ས་ཁམས་ཀྱི་འཕར་ལུགས་ནས་ཟན་གྱི་སྐད་ལྟར་ཐུང་ལ་འཇམ་པར་འཕར་ན་གྲོགས་ལྟར་འཕར་བ་དང་།  མ་རྩ་ཆུ་ཁམས་མཁལ་རྩའི་འཕར་ལུགས་མཐིང་རིལ་སྐད་ལྟར་འཇམ་ལ་དལ་བར་འཕར་བ་སྟེ་དེ་གསུམ་གང་ལྟར་འཕར་ཡང་ཤིང་ཁམས་མཆིན་རྩ་དེ་དར་བ་ཡིན་ལ།  བུ་ཁམས་མེ་རྩའི་འཕར་ལུགས་ཁུ་བྱུག་སྐད་ལྟར་སྦོམ་ལ་རིང་བར་འཕར་ན་གུད་པ་དང་།  དགྲ་ཁམས་ལྕགས་རྩའི་འཕར་ལུགས་བྱིད་པོའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་ན་ཤིན་ཏུ་གུད་པ་སྟེ་མདོར་ན་མ་གྲོགས་རང་གསུམ་གྱི་འཕར་ཚུལ་ནི་དར།  བུ་དགྲ་ནི་གུད་པའོ། །   སྤྱི་རྩ་དྲུག་གིས་ཚ་གྲང་གི་ནད་ཀྱི་ཤན་དབྱེ་བ་ནི།  དྲག་ཞེས་འཕར་ཤེད་ཆེ་བ།  རྒྱས་ཞེས་པ་ཤ་ཁར་ཡར་དོན་པ།  འདྲིལ་ཞེས་པ་ལྕགས་ཀྱི་ཐུར་མ་ལ་སོགས་པ་བཞིན་དུ་ཤ་ནང་ནས་རྩ་ཀྲིལ་ཀྲིལ་མངོན་པ།  མགྱོགས་ཞེས་འཕར་པའི་བྱ་བ་མྱུར་དུ་བྱེད་པ།  གྲིམས་ཞེས་གཞུ་རྒྱུད་ལྟར་ཐེང་ངེ་ཐེང་ངེ་བྱེད་གནས་པ།  མཁྲང་ཞེས་མར་མནན་ན་སྟོང་སོབ་མི་བྱེད་པར་སྲ་ཤིང་ངེ་བ་སྟེ་དྲུག་པོ་འདི་ནི་གང་ཡིན་ཀྱང་ཚབའི་རྩ་ཡིན་ལ།  དེའང་དྲག་རྒྱས་བྱུང་ན་དཔངས་ཀྱི་ཚ་བ་དང་།  འདྲིལ་མགྱོགས་བྱུང་ན་གྲངས་ཀྱི་ཚ་བ་དང་།  གྲིམས་འཁྲང་བྱུང་ན་སྙུགས་ཀྱི་ཚ་བ་ཞེས་བྱ་སྟེ།  རྩའི་ཚུལ་ལས་བརྡ་དེ་སྐད་བྱས་ཀྱི་དོན་ལ་དཔངས་ཞེསཁ་ཡི་ཚ་བདང།  གྲོངས་ཞེས་བར་གྱི་ཚ་བ་དང་།  སྙུགས་ཞེས་གཏིང་གི་ཚ་བའི་བརྡ་ཡིན་པར་བཤད།  ཏེ་ལྟར་བརྡ་བཏགས་ཀྱང་ཚ་བའི་ངོ་བོ་ནི་དཔངས་དང་གྲངས་ཀྱི་ཚ་བ་ནི་འཁྲུགས་དང་རིམས་ཀྱི་ཚ་བ་གསར་པ་དང་།  སྙུགས་ཀྱི་ཚ་བ་ནི་རྙིང་པའི་ཚབ་ཡིན་ནོ་།  གྲང་བའི་རྩ་ནི་གོང་གི་དྲུག་པོ་དང་རིམ་པར་ལྡོག་ཕྱོགས་སུ་གྱུར་པ་སྟེ།  དྲག་པའི་ཟློག་ཕྱོགས་འཕར་ཤེད་ཞན་པ་དང་།  རྒྱས་པའི་ཟློག་ཕྱོགས་ཤ་གཏིང་དུ་མར་བྱིང་པ་དང་།  འདྲིལ་བའི་ཟློག་ཕྱོགས་གད་པ་སྟེ་ཤ་ནང་ནས་ཁྱུག་གི་མི་མངོན་པར་ཉམས་དམའ་བ་དང་།  མགྱོགས་པའི་ཟློག་ཕྱོགས་འཕར་བའི་བྱ་བ་བུལ་བ་དང་།  གྲིམས་པའི་ལྡོག་ཕྱོགས་རྒྱུད་ལྷོད་བདེ་བར་གྱུར་པ་དང་།  མཁྲང་པའི་ལྡོག་ཕྱོགས་མནན་ན་སྟོང་སོབ་བེ་པ་དང་དྲུག་གོ།  དེ་དྲུག་ལ་དཔངས་ཀྱི་གྲང་བ་སོགས་བརྡ་སྦྱོར་ཚུལ་གོང་དང་འདྲ་ལ།  འོན་ཀྱང་འདིར་སྙུགས་ཀྱི་གྲང་བ་ནི་གསར་ལ་གྲངས་དང་དཔངས་ཀྱི་གྲང་བ་ནི་རྙིང་པར་འདོད་དེ།  ཚ་བ་ནི་ཕྱི་ཤ་ལྤགས་སམ་ཁ་ཡི་ཚ་བ་དང་བར་རུས་རྐང་གི་ཚ་བ་གཉིས་གསར་པ་དང་།  ནང་དོན་སྣོད་ལ་ཞུགས་ནས་རྙིང་པ་ཡིན་ཞིང་།  གྲང་བ་ནི་ནང་དོན་སྣོད་ལ་དང་པོར་ཞུགས་ནས།  རྙིང་པའི་ཚེ་ཕྱི་ཤ་པགས་ལ་འཇུག་པའི་དབང་གིས་ཡིད་ལ་དེ་དག་གི་རྩ་ཡང་འདིར་བརྡ་རྦུར་བ་བཞིན་ནོ། །   དེ་དག་གི་ཡིན་ནོ་ཅོག་ཀུན་ངོ་བོ་ཚ་བའམ་གྲང་བ་གང་རུང་ལས་འོས་མེད་པས་དེ་དག་གིས་སྤྱི་རྩ་བཤད་ལ།  གཉིས་པ་བྱེ་བྲག་ནད་སོ་སོའི་རྩ་བརྟག་པའང་རྣམ་པ་གཉིས་སུ་ཡོད་པ་ཡིན་ཏེ།  རྩ་རྒྱུད་སོ་སོའི་ནད་རིགས་ཀྱི་དབྱེ་བ་ངོས་བཟུང་བ་དང་།  ཚོན་ཀན་ཆག་གསུམ་གྱི་འོག་གི་རྒྱུ་བ་བཅུ་གཉིས་ཀྱིས་ལུས་ཀྱི་སྟོད་སྨད་དོན་སྣོད་ཀྱི་བྱེ་བྲག་གར་བ་བརྟག་པ་སྟེ།  དེ་ལྟར་ན་ནད་ཀྱི་བྱེ་བྲག་བརྟག་པ་དང་།  ནད་དེ་གང་དུ་བབ་པའི་གནས་ཀྱི་བྱེ་བྲག་བརྟག་པ་གཉིས་སོ། །   དང་པོ་རྩ་རྒྱུད་སོ་སོར་བརྟག་པ་ནི།  རླུང་གི་རྩ་ནི་རྐྱལ་ཞེས་པ་དཔེར་ན་ཀུ་སོགས་ཆུ་ཡི་ཁ་ན་འཕྱོ་བ་ལྟར་རླུང་གི་སྟོབས་ཀྱིས་རྩ་དེ་ཤ་ཡི་ཁར་འཕྱོ་ཞིང་མནན་མར་ནུབ་པ་ལྟར་བྱེད་པའོ།  སྟོང་ཞེས་མནན་ན་རྩ་ནང་སྟོང་པར་གྱུར་པ་དང་།  སྐབས་སུ་མི་འཕར་བར་སྡོད་པར་བྱེད་པའོ། །   མཁྲིས་པའི་རྩ་ནི་རྩ་རྒྱུད་མི་སྦོམ་པར་ཕྲ་ལ་གྲིམས་པ་སྟེ་གཞུ་རྒྱུད་ལྟར་བྲེང་ངེར་འཕར་པའོ། །   གྲང་པ་ཅན་དེ་ཡི་རྩ་ནི་གཏིང་དུ་བྱིང་ལ་རྒུད་པ་སྟེ་ཉམས་དམའ་བ་གོང་བཤད་བཞིན་ནོ། །   འདི་ལྟར་བྱིང་བ་དང་དྲག་པ་ལ་སོགས་པའི་འཕར་ཚུལ་རྣམས་གོང་འོག་གང་དུ་བྱུང་ཡང་དོན་གཅིག་ཏུ་འཆད་དགོས་ཀྱི་སྐབས་སོ་སོའི་ཐད་དུ་གོ་བ་རེ་ལེན་རྒྱུ་མེད་པས་འཕར་རྩའི་མཚན་ཉིད་བཤད་ཟིན་རྣམས་ལས་སླར་མ་བཤད་པ་ཀུན་ཀྱང་གོང་ལྟར་ཤེས་དགོས་སོ། །   ངེས་པ་མེད་པར་སྣ་ཚོགས་སུ་འཆད་པ་ནི་ཤིན་ཏུ་མི་བདེའོ། །   རླུང་ཚད་གཉིས་ལྡན་པའི་རྩ་རླུང་གི་སྟོབས་ཀྱིས་སྟོང་ལ་ཚད་པའི་སྟོབས་ཀྱིས་རྒྱུག་པ་སྟེ་མགྱོགས་པར་གཡོ་བའོ། །   བད་མཁྲིས་གཉིས་ལྡན་གྱི་རྩ་ནི་བད་ཀན་གྱི་ནུས་པས་རེག་མ་ཐག་ཏུ་མི་མངོན་པར་ཁ་ན་བྱིང་ཞད་ཅིག་ཡོད་ཀྱང་།  མཁྲིས་པའི་སྟོབས་ཀྱིས་མར་མནན་ན་གཏིང་ན་གྲིམས་ཞད་ཅིག་འབྱུང་ངོ་། །   བད་རླུང་ལྡན་པའི་རྩ་ནི་རླུང་གི་སྟོབས་ཀྱིས་སྟོང་ལ་བད་ཀན་གྱིས་འཕར་བ་དལ་བུར་བྱེད་དོ། །   རླུང་མཁྲིས་བད་ཀན་ཁྲག་དང་བཅས་པ་འདུས་པ་ལ་མིང་དུ་བད་ཀན་སྨུག་པོ་ཞེས་བྱ་སྟེ།  དེའི་རྩ་ནི་རྩ་རྒྱུད་སྦོམ་ལ་ནང་གང་བ་ལྟར་ཁེངས་ཤིང་སྨུག་པོ་ཁྲག་མཁྲིས་ལ་གནས་པའི་སྟོབས་ཀྱིས་མཆིན་རྩ་གཙོར་གྱུར་ཀན་འོག་གི་རྩ་གཉིས་པོ་དམའ་བ་ལ་ཞར་ཞེས་བྱ་སྟེ།  མིག་ཉམས་པ་ལ་ཞར་ཞེས་གྲགས་པ་ལྟར་རྩ་རྒྱུད་ཀུན་ལས་གཅིག་ལྷག་པར་དོང་དུ་ལྷུང་པ་ལྟར་དམ་ར་པ་ལ་ཞར་བ་ཞེས་བྱའོ། །   ཆུ་སེར་ནད་ཅན་གྱི་རྩ་ནི་འདར་འདར་དུ་བྱེད་ཅིང་རྒྱུ་བ་དཀའ་བ་སྟེ་འཕར་དཀའ་དཀའ་ལྟར་གྱུར་པའོ། །   སྲིན་གྱི་རྩ་ནི་འཁྱིག་ཅེས་པ་ཆུར་སོར་མོའི་ངོས་སུ་དཀྲི་བའམ་འཁྱུད་པ་ལྟར་བྱེད་པ་སྟེ།  སོར་མོའི་ངོས་ཁུད་དུ་ལེན་པ་ལྟར་སྡོམ་སྡོམ་བྱེད་པ་ལྟ་བུའི་ཚུལ་དུ་འཕར་བ་དང་།  ཞེང་དུ་ལེབ་ལེབ་མོ་ལྟ་བུར་འཕར་བར་བྱེད་པའོ། །   མཛེ་ཡི་རྩ་ནི་ནད་དོན་སྣོད་གང་དུ་ཞུགས་པའི་རྩ་དེ་ཞེན་ཅིང་།  ཆུ་སེར་ལ་བརྟེན་པའི་ཕྱིར་རྩ་རྒྱུད་ཀུན་འདར་ལ།  གདོན་ཤས་ཆེ་བས་ན་གློ་བུར་དུ་ལྷོག་ལྷོག་འཕར་བའམ་འཕྲིག་པར་བྱེད་པ་ཡིན་ནོ། །   ཟས་སྤྱོད་ཀྱིས་འཁྲུགས་ནས་ཚད་པ་འཕེལ་བ་འཁྲུགས་ཚད་ཀྱི་རྩ་ནི་སྦོམ་རྒྱས་འབུར་འདྲེལ་བཞི་ལྡན་དུ་ཤོར་ཏེ་ཁྲག་ལ་བརྟེན་པའི་ཚད་པ་ཤིན་ཏུ་རྒྱས་པའི་ཕྱིར་རོ། །   ལུས་བརྡབ་འགྲམ་ལ་བརྟེན་ཏེ་ཚད་པ་བྱུང་བའི་རྩ་ནི་ཕྲ་མཁྲང་གྲིམས་པར་འཕར་བའོ། །   རིམས་ཚད་རྩ་ནི་ཕྲ་ལ་མགྱོགས་པར་འཕར་བའོ། །   གཉན་གྱི་རྩ་ནི་འཁྱིག་ཅེས་པ་སྲིན་ལ་བཤད་པ་བཞིན་དང་།  ལྕམ་དྲལ་ལ་ནི་རྩ་གཉིས་གཤིབ་ཏུ་འཕར་བ་སྟེ་གཉན་གང་ལ་ཞུགས་པའི་དོན་སྣོད་ཀྱི་རྩ་དེར་འབྱུང་ངོ་། །   གཟེར་ཐུང་ནི་ཚད་པ་གཟེར་ཐུང་ལྟ་བུ་ནད་ཟུག་ཆེན་པོ་གློ་བུར་འཕར་བའི་རྩ་ནི་ཐུང་ཐུང་སྦུད་སྦུད། དར་ལྕེ་རླུང་བསྐྱོད་བཞིན་དུ་འཕར་བའོ། །   རྦུར་དུག་གི་རྩ་ནི་རྒྱུད་འབར་འབུར་མདབས་རེ་བ་ལྟར་རྩུབ་པ་དང་།  སྤུན་པ་ནི་ཐུང་ཐུང་དུ་འཕར་བའི་དོན་ཏོ། །   འཁྲུགས་ཚད་ཀྱི་ལེའུ་ལས་སྤུན་པ་རིང་དུ་སོང་ཞེས་རིང་པའི་ཟློག་ཕྱོགས་སུ་གསལ་བ་བཞིན།  རྩ་སྤུན་པ་ཞེས་གང་བྱུང་ལ་དེ་ལྟར་གོ་དགོས་ཀྱི་གནད་མ་གོ་བར་རང་བཟོ་སྣ་ཚོགས་བཤད་པ་མཐོང་སྟེ་སྙིང་པོ་ཅིའང་མེད་དོ། །   འཆོལ་བ་ཞེས་རེས་དྲག་རེས་ཞན་ལྟ་བུ་སོགས་ངེས་མེད་འཆོལ་བ་སྣ་ཚོགས་སུ་འོང་བ་དང་། །   མཐའ་གཅིག་ཏུ་ནད་འདི་ལྟ་བུའོ་ཞེས་རྩ་ལས་མངོན་མི་བཏུབ་པའོ། །   ཤ་དུག་རྩ་ནི་ཕྲ་མགྱོགས་བྱིང་བ་གསུམ་ལྡན་དང་།  ཁྱད་པར་དུག་དེ་ཞུགས་པའི་ཕོ་བའི་རྩ་ལྟ་བུ་ཞར་བ་འབྱུང་ངོ་། །   ཚ་བ་ཤུགས་མ་རྫོགས་པར་མ་སྨིན་པའི་ཚབ་ནི་ཕྲ་ལ་མགྱོགས་པ་རླུང་ལྟར་གཡོ་བའོ།  སྨིན་ནས་རྒྱས་ཚད་རྩ་ནི་དྲག་ལ་གྲིམས་པར་འཕར་བའོ། །   ཚད་གཞུག་རླུང་གིས་གཡོས་པ་སྟོང་ཚད་རྩ་ནི་སྟོང་ལ་རྒྱུག་པའོ། །   གྲང་བའི་འོག་ཏུ་ཚབ་གབ་པའི་རྩ་ནི་དཔངས་དམའ་ལ་གཏིང་ནས་གྲིམས་ཞད་བྱུང་བའོ། །   ཚད་པ་ཡུན་རིང་ལོན་པའི་རྙིང་པ་ཕྲ་ལ་གྲིམས་པར་འཕར་བའོ། །   ཆུ་སེར་དང་བཅས་ཏེ་ལུས་ལ་རྙོགས་པའི་ཚད་པའི་རྩ་ནི་ཕྲ་ཞིང་ཤ་ཡི་གཏིང་ནས་མྱུར་དུ་ འཕར་བ་སྟེ་རྒྱུད་བའོ། །   རྩ་ལ་ཚད་པ་ཞུགས་པའི་རྩ་ནི་སྦོམ་མཁྲང་མགྱོགས་པར་འཕར་བའོ། །   ཁོང་པའོ། །  ནད་དུ་མདེའུ་སོགས་ཟུག་རྔུ་ལུས་པ་དེའི་རྩ་ཞར་ཞིང་ལྕམ་དྲལ་དུ་བྱེད་དོ། །   མགོ་ཆག་པ་ལ་བརྟག་ན་ཤ་རུས་ཀླད་པ་གསུམ་གང་ལ་སྐྱོན་ཡོད་ན་ཆོན་ཀན་ཆག་གི་རྩ་རིམ་བཞིན་དྲག་ཅིང་སོགས་གསུངས་ཏེ་ཤ་ལ་སྐྱོན་།  ཡོད་ན་ཆོན་རྩ་དྲག་པ་འོང་།  རུས་ལ་སྐྱོན་ཡོད་ན་ཀན་འོག་གི་རྩ་གྲིམས་པ་འབྱུང་ངོ་། །   ཀླད་པ་ལ་སྐྱོན་ཡོད་ན་ཆག་འོག་གི་རྩ་རྒྱུ་མགྱོགས་པར་བྱུང་ངོ་། །   རྣག་གི་རྩ་ནི་འདར་བ་འབྱུང་སྟེ་རྣག་སྤྱིའི་རྩ་ཆུའི་སེར་དང་མཚུངས་པར་འདར་བའོ། །   རམ་ཞེས་འདམ་གཅན་གྱི་ཚིག་ཕྲད་རྦུར་ནས་ཡང་ན་ཚ་བ་ལ་ཞེས་རྣག་ཚད་ཡིན་ན་སྤུན་པ་སྟེ་འཕར་ཐག་ཐུང་བ་འབྱུང་ཞེས་སོ། །   འདི་ལ་རེག་བྱ་ཚབ་སོགས་སུ་འཆད་པ་ནི་གནད་ཅུང་ཟད་མ་གོ་བའོ། །   གྲང་བའི་རྩ་ལ་མ་ཞུ་གསར་བ་ཡི་རྩ་ནི་སྦོམ་ལ་མཁྲང་བ་འབྱུང་ངོ་། །   མ་ཞུ་རྙིང་པའི་རྩ་ནི་ཤེད་ཆུང་ལ་རྩ་རྒྱུད་ཕྲ་བ་ཡིན་ནོ། །   དམུ་ཆུ་དང་འོར་དང་སྐྱ་རྦབ་གསུམ་གྱི་རྩ་ནི་ཕྲ་ཞིང་བྱིང་ལ་གཏིང་ན་དམ་པ་སྟེ་ཤེད་ཡོད་པའོ། །   སྐྱུག་པ་མང་དུ་བྱས་ན་རྩ་སྟོད་ཞན་ལ་འཁྲུ་ཟིན་པའི་རྗེས་སུ་རྩ་སྨད་ཞན་པ་འབྱུང་ངོ་། །   འོན་ཀྱང་རྩ་ལ་ཕན་ཚུན་ནོར་སོ་འབྱུང་བའི་འཕྲང་དྲུག་ཡོད་དེ།  གང་ཞེ་ན་ཁྲག་གི་རྩ་དང་རླུང་གི་རྩ་ནི།  རྐྱལ་པར་བྱེད་པས་ནོར་ར་རེ་ཞེས་གསུངས་པས།  ཁྲག་གསར་པའི་རྩ་དང་མུན་རྩ་གང་ཡིན་ཀྱང་སྟེང་དུ་རྐྱལ་བ་ཞིག་འབྱུང་བའི་ཕྱིར་རོ། །   དེ་མི་ནོར་པའི་གནད་ནི།  གཏིང་མཁྲང་ན་ཁྲག་ཡིན་ལ་སྟོང་ན་རླུང་ཡིན་པས་ཤན་ཕྱེད་པར་བྱའོ། །   དེ་བཞིན་དུ་རྒྱས་ཚད་དང་སྟོང་ཚད་ཀྱི་རྩ་ཡང་རྒྱུག་པར་བྱེད་པའི་ཆ་ནས་འདྲ་བས་ནོར་པ་འབྱུང་ལ།  དེ་ཡང་གཏིང་ན་ཤེད་ཆེ་ཆུང་གིས་མི་ནོར་པར་བྱ་དགོས་སོ། །   བད་ཀན་དང་ཁྲག་གི་ནད་རྒས་པ་གཉིས་ཀྱང་རྩ་གཏིང་དུ་བྱིང་བའི་སྒོ་ནས་འདྲ་བས་ནོར་ཉེན་ཆེ་ཡང་།  གཏིང་ན་གྲིམས་ལྷོད་མི་འདྲ་བས་ཤན་ཕྱེད་དགོས་སོ། །   གཉིས་པ་ནད་དེ་དག་ལུས་ཀྱི་སྟོད་སྨད་དོན་སྣོད་གར་བབ་པའི་གནས་བྱེ་བྲག་ངོས་བཟུང་པ་ནི།  ཆོན་རྩ་གཉིས་ཀྱིས་སྤྱིར་ལུས་ཀྱི་སྟོད་དང་དོན་སྣོད་ལས་གློ་སྙིང་ལ་ནད་ཡོད་མེད་བརྟག དེ་བཞིན་ཀན་ལ་སོགས་པས་བརྟགས་ཏེ་གཞུང་བཞིན་གོ་སླའོ། །   གདགས་ཡར་ཟུར་དང་།  སྲིབ་མར་ཟུར་གྱི་རྩ་ཡི་དོན་ལྔ་དང་སྣོད་དྲུག་སོ་སོར་གོང་བཞིན་བརྟག་གོ།  དེ་ཡང་རྩ་འདི་དག་ལ་གདགས་དང་སྲིབ་ཀྱི་རྩ་ཞེས་གདགས་པའི་རྒྱུ་མཚན་གང་ཞེ་ན།  སོར་མོའི་ཡར་ཟུར་ན་གནས་པ་དོན་ལྔ་དང་།  དབུགས་ཕྱིར་རྒྱུ་པའི་ཚེ་འཕར་པའི་རྩ་ལ་གདགས་ཀྱི་རྩ་ཞེས་བྱ་ལ།  མར་ཟུར་ན་གནས་པ་སྣོད་དྲུག་གི་རྩ་དང་དབུགས་ནང་དུ་རྔུབ་པའི་ཚེ་འཕར་པའི་རྩ་ནི་སྲིབ་ཀྱི་རྩ་ཞེས་བྱ་སྟེ་དེའི་རྒྱུ་མཚན་དོན་རྣམས་ཁྲག་རྒྱུ་བ་ཤས་ཆེ་བས་དེའི་རྩ་ཡང་ཐབས་ཀྱི་རྩ་སྟེ་སྣོད་ཀྱི་རྩ་ལས་ཅུང་དྲག་པས་ཚབ་དང་རྗེས་མཐུན་ལ།  སྣོད་ཀྱིས་རླུང་རྒྱུ་བ་ཤས་ཆེ་བས་དེའི་རྩ་ཡང་ཤེས་རབ་ཀྱི་རྩ་སྟེ་དོན་གྱི་རྩ་རྣམས་ལས་ཅུང་ཞན་ལ་སྟོང་བས་གྲང་བ་དང་རྗེས་སུ་མཐུན་པས་དོན་སྣོད་ནང་ཕན་ཚུན་ལྟོས་ནས་གདགས་སྲིབ་ཏུ་བཞག་ལ།  དབུགས་ཕྱིར་འབྱིན་པའི་ཚེ་རྩ་རྒྱུ་བ་གཉིས་པོ་དེ་ནང་དུ་རྔུབ་པ་ལས་དྲག་པས་འབྱིན་རྔུབ་ཀྱི་དུས་ཀྱི་འཕར་རྩ་ལ་ནང་ཕན་ཚུན་ལྟོས་ནས་དྲག་ཞན་ཅུང་ཟད་རེ་འབྱུང་པས་གདགས་སྲིབ་ཏུ་བརྗོད་དེ་ཞིབ་མོའི་བློས་བརྟག་ན་དེ་ལྟར་མངོན་དུ་འགྱུར་རོ། །   འདི་ལ་བརྟེན་ནས་རླུང་ཁྲག་གི་རྒྱུ་བ་འཕར་རྩ་ཡོད་པ་ལས་ནད་ཀྱི་མཚན་ཉིད་ཤེས་པའི་ཚུལ་ལ་ངེས་པ་སྐྱེ་བར་འགྱུར་ཏེ་ལུས་ཀྱི་རྟེན་འབྲེལ་གྱི་ཆ་ཅི་རིགས་པ་མངོན་ཏུ་གྱུར་པ་འདི་ལས་གཞན་རྗེས་སུ་དཔག་རུང་བའི་ཕྱིར་རོ། །   དོན་སྣོད་ཕལ་ཆེར་ལ་རོལ་ཏེ་གཅིག་ལ་ཚ་བ་དང་གཅིག་ལ་གྲང་བ་ལྟ་བུ་དུས་གཅིག་མི་འབྱུང་ཞིང་ཞེས་སྙིང་དང་རྒྱུ་མ་ལྟ་བུ་སོགས་འབྱུང་བའི་ཁམས་གཅིག་ཟུང་དུ་བཞག་པ་དེ་ལ་ཚ་གྲང་གི་ནད་མི་མཐུན་པ་དུས་གཅིག་འབྱུང་དཀའ་ལ།  ཕལ་ཆེར་གྱི་སྒྲས་འབྱུང་མི་སྲིད་པ་ནི་མ་ཡིན་ནོ། །   གལ་ཏེ་བྱུང་ན་ཡང་དོན་སྙིང་ལ་ཚ་བ་ཡོད་ཚེ་སྣོད་རྒྱུ་མ་ལ་གྲང་བ་ཡོད་པ་རེས་འགའ་འབྱུང་སྲིད་ཀྱི།  སྣོད་རྒྱུ་མར་ཚ་བ་ཡོད་བཞིན་དུ་དོན་སྙིང་ལ་གྲང་བ་ལྷན་ཅིག་ཏུ་འབྱུང་བ་མི་སྲིད་ལ།  ལུས་སྟོད་སྨད་ཀྱི་ཚ་གྲང་འབྱུང་ཚུལ་ཡང་དེ་ལྟར་ཤེས་པར་བྱ་སྟེ།  སྟོད་ཚ་སྨད་གྲང་འབྱུང་སྲིད་ལ་སྨད་ཚ་སྟོད་གྲང་དུས་གཅིག་མི་འབྱུང་ངོ་། །
༼རྩོམ་སྒྲིག་གསལ་དགའ།༽
ལོགས་སུ་ཉར་བ།  

དེ་མོ་ཡབ...

ཡེ་ཤེས་བ...