མཁལ་ནད་བཅོས་ཐབས།

ཡོངས་ཁུངས།   ཤིན་ཧྭ་དྲ་བ། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2017-03-15

མཁལ་མའི་པར་རིས།

མཁལ་མའི་ནད་ཀྱི་རྒྱུ་རྐྱེན་དང་དབྱེ་བ།  རྟགས་དང་བཅོས་ཐབས་སོགས་རྒྱུད་དང་མན་ངག་ལྷན་ཐབས་སོགས་སུ་གསལ་པོར་གསུངས་ཡོད་པས་འདིར་བསྐྱར་བཤད་བྱེད་དོན་ཆེར་མེད་མོད།  འོན་ཀྱང་རྒྱུད་དོན་དང་མན་ངག་གི་བསྟན་བྱ་ལ་དངོས་ཤུགས་ཅི་རིགས་གང་ཡོད་པ་དང་དབྱེ་བའམ་ཧ་ཅང་མང་བའི་རྐྱེན་གྱིས་རྒྱུད་དོན་ལ་སྦྱངས་པ་དམན་པ་དང་རིགས་གནས་ཀྱི་ཆུ་ཚད་དམའ་བའི་སྨན་པ་ལས་དང་པོ་བ་རྣམས་ཀྱིས་རྟོགས་དཀའ་བས་དེ་དག་ལ་གཞིགས་ཏེ་གོ་སླ་ཞིང་མདོར་བསྡུས་པ་ཞིག་འབྲི་བ་ལ་བཞི་སྟེ།  རྒྱུད་ལས།  རྒྱུ་རྐྱེན་བརྡབས་དང་མི་ཐེག་ཁུར་བ་བཏེག  རླན་སྟེང་བསྡད་དང་ཆུ་ཡི་ལས་བྱས་དང་།  བང་མཆོངས་འཆུས་དང་དཀར་མངར་ཟས་བསྟེན་དྲགས།  ཞེས་གསུངས་པ་ལྟར་རྟ་ཡིས་བརྡབས་པ་དང་ཁུར་ལྕི་མོ་མི་ཐེག་བཞིན་ནན་གྱིས་འཁུར་བ་དང་།  རྡོ་སོགས་ལྗི་མོའི་རིགས་བཏེག་པ།  ས་རླན་ཆེ་བའམ་ཡང་ན་འཁྱགས་སར་ཉལ་བ།  ཆུའི་ནང་དུ་ལས་ཀ་བྱེད་པ་མང་བ།  བང་རྒྱུག་དྲགས་པ།  དྲག་ཤུལ་གྱི་ལས་བྱས་ཏེ་རྩ་ཁ་འཆུས་པ།  མངར་ཟས་ཡུན་རིང་ཟོས་པ་སོགས་ཀྱིས་སློང་གིན་ཡོད།

སྤྱིར་ནད་འདིའི་དབྱེ་བ་བརྒྱད་རྒྱུད་ལས་གསུངས་ཀྱང་།  དབྱེ་བསྡུས་དང་རྟོགས་སླ་བའི་དབང་དུ་བྱས་ཏེ་འདིར་ཚ་གྲང་གི་དབྱེ་བ་གཉིས་ལྟར་བཤད་པར་བྱ།  མཁལ་ནད་ཚ་བའི་རྟགས་ནི།  འཁལ་ནད་ཚ་བ་ཆང་འཐུང་བ་དང་ཧ་ཅང་དྲོས་ཆེ་བ།  འགྲོ་མང་བའི་རྐྱེན་གྱིས་ནད་ཇེ་སྡུག་ཏུ་འགྲོ  ཆུ་ཁ་ཚ་བ་དང་ཤ་རུས་ཀྱི་བར་ན་བ།  རྩ་རྒྱུས་ཅུང་གྲིམས་ཤིང་།  ཁྱད་པར་དུ་འཁལ་རྩ་འབར་ཉམས་ཡོད་པ་དང་།  ཆུ་མདོག་ཅུང་དམར་ལ་ཀུ་ཡ་བཏིང་དུ་ཡོད་ཅིང་།  ལྦུ་བ་ཞིབ་པ་བཅས་ཀྱི་རྟགས་ཡོད།  ད་དུང་ནད་པ་ལ་ལར་མཁལ་ནད་དང་འབྲེལ་བར་ས་བོན་འཛག་པ་དང་། ཡང་ན་འཁྲིག་སྤྱོད་སྐབས་ན་ཟུག་གཏོང་བ་དང་ཆུ་ཁ་ཚ་བ།  ཡང་ན་རྣག་ཁྲག་འཛག་པ།  ཁྱད་པར་དུ་སྐྱེས་པ་ཡིན་ན་མཚན་མ་གྱེན་དུ་ལངས་ན་ན་ཟུག་ལྷག་ཏུ་ཆེ་བ་སོགས་ཀྱི་མངོན་ཚུལ་ཡོད།
མཁལ་ནད་གྲང་བའི་རྟགས་ནི།  མཁལ་རྐེད་ན་བ་དང་དགྱེ་སྒུར་དཀའ་བ།  དཔྱི་མིག་དང་བརླའི་ཕྱི་རྒྱུད་གཟེར་ཞིང་རྣ་བ་འུར་བ།  ཆུ་སྲི་བ།  ནད་འདི་བྱུང་ནས་ཅུང་འགོར་བ་ཡིན་ན་རྐང་བོལ་དང་གདོང་ཅུང་ཟད་སྐྲངས་ཀྱི་ཡོད།  འཕར་རྩའི་རྒྱུ་བ་ཞན་ཞིང་གྲངས་དལ་ལ་མི་གསལ་བ་ཡིན།  ཆུ་ནི་དཀར་ལ་ལྦུ་བ་ཞིབ་པ་དང་ཀུ་ཡ་སྲབ་མོ་གཏིང་དུ་ཡོད་པ་དང་།  ལ་ལར་ཁམས་དཀར་རམ་རྩིག་མ་ལྟ་བུ་དྲི་ཆུའི་ནང་དུ་ཡོད་ལ།  སྒལ་འདབས་ཀྱི་བཤུལ་ཤ་ན་བ་དང་ཚིགས་བཅུ་བཞི་པ་གཟེར་བ་བཅས་ཀྱི་མངོན་ཚུལ་ཡང་ཡོད།

བཅོས་ཐབས་ནི་མཁལ་ནད་ཚ་བ་ཡིན་ཚེ།  བསིལ་བ་ཁོ་ནས་བཅོས་ན་མི་འཕྲོད་དེ།  རྒྱུ་མཚན་ནི་མཁལ་མ་ཆུ་ཁམས་གྲང་བའི་རྟེན་ཡིན་པས་སྨན་གསོ་ཅུང་དྲོན་མོས་བཅོས་ན་བཟང་ཡང་དྲོད་ཕྱོགས་ཧ་ཅང་ཐལ་དྲགས་ན་ནད་ཚ་བ་ཡིན་སྟབས་དྲག་སྐྱེད་འབྱུང་དཀའ་བའང་ཤེས་དགོས་སོ།  སྨན་ནི་མཁལ་ཞོ་བཞི་བ་དང་ཕྱི་རྒྱུད་གུར་གུམ་བདུན་པ།  གུར་གུམ་བཅུ་གསུམ།  ཨ་རུ་བཅུ་བར་ཁྱུང་བསྣན།  སར་ཁྱུང་།  སྐྱེར་ཤུན་བརྒྱད་པ་དང་ཡང་ན་དེ་ལ་ཁྱུང་ལྔ་བསྣན།  པད་རག་མདོག་ལྡན།  ཨ་རུ་བཅོ་བརྒྱད།  ཨ་རུ་ཉི་ཤུ་རྣམས་གཏོང་བ་དང་།  མཁལ་གྲང་ལ།  ཟས་སྤྱོད་དྲོན་མོ་བསྟེན་ཏེ།  སྨན་བསམ་འཕེལ་ནོར་བུ་དང་ཨ་གར་སོ་ལྔ།  ཨ་གར་ཉེར་བཞི།  གོ་ཡུ་ཉེར་བརྒྱད།  སུག་སྨེལ་ཉེར་ལྔ་བཅས་བསྟེན།  ཁམས་འཛག་པ་ལ་སྨན་པ་ད་རག་མདོག་ལྡན་དང་སར་ཁྱུང་བསྟེན།  ཟླ་བ་གྱེན་ལྡོག་ལ་ཁྲག་གཅོད་སྨན་གྱི་ཁ་ཚར་བཅས་བཏང་ན་བཟང་།  བུད་མེད་ཡིན་ན་འོལ་སེ་ཉེར་ལྔ་བཏང་ན་ལེགས།  སྤྱིར་ན་ནད་བཅོས་ཐབས་ལ།  ཟས་སྤྱོད་སྨན་དཔྱད་བཞི་གས་བཅོས་པར་གསུངས་ཡོད་ནའང་།  སྨན་པ་ལས་དང་པོ་བ་རྣམས་ཀྱིས་གཏར་སྲེག་སོགས་ཀྱིས་གསོ་བཅོས་བྱེད་པ་ནི་ཉེན་ཆེ་ཕྱིར་འདིར་མ་བྲིས་སོ།  འོན་ཀྱང་།  གཞུང་དོན་ལ་སྦྱངས་པ་དང་མན་ངག་དང་ལྡན་པ་ཡིན་ན་བཅོས་ཐབས་ཐམས་ཅད་ལ་འབད་ན་བཟང་བ་སྨོས་ཅི་དགོས།  སྤྱིར་དམ་པ་གོང་མ་རྣམས་ཀྱིས་ནད་ལ་སྤྱི་བཅོས་དང་སྒོས་བཅོས་སོགས་སྡེབས་ཀ་བརྗོད་ཀྱིས་མི་ལང་བ་གསུངས་ཡོད་པའི་ནང་ནས་རང་ལ་ཚང་བ་དང་ཁྱད་ཐོན་སྙམ་པ་གང་ཡིན་ཡང་གཙང་ཞིང་ཚད་དང་མཐུན་པར་བསྡེབས་ཏེ་སླ་བཅོས་མི་བྱེད་པ་ནི་གནད་ཀྱི་དམ་པའོ།།

༼རྩོམ་སྒྲིག་ནོར་བུ།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...