ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༣ ཉིན་གྱི་སྔ་དྲོ།  སྤྱི་ལོ ༢༠༡༩ ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ལྷ་སར་བསྐོང་ཚོགས་བྱས་པ་རེད།

འགྲེམ་བསྒྲགས་ཚོགས་འདུའི་ཐོག  ད་ལོའི་སྤྱི་ཟླ་དང་པོ་ནས་དྲུག་བའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་བརྟན་ཐོག་ཡར་འཕེལ་དང་ཡར་འགྲོ་ལེགས་བརྩོན་གྱི་རྣམ་པ་ཐོན་ཡོད།  ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར ༦༨༡.༦༩ ཟིན་ནས་འཕར་ཚད་བརྒྱ་ཆ ༩ ཟིན་པ་དེ་རྒྱལ་ཡོངས་ལས་བརྒྱ་ཆ ༢.༧ གྱིས་མཐོ་བ་ཡོད་ཅིང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།  སྤྱི་ཁོགས་དཔལ་འབྱོར་ངོས་ནས་བཤད་ན།  རང་ལྗོངས་ཀྱི་ཐོན་ལས་རྒྱུན་མཐུད་གོང་འཕེལ་བྱུང་ཞིང་འཕར་ཚད་བརྟན་པོ་བྱུང་ཡོད་པ་སྟེ།  ལོ་སྟོད་དུ་ལྗོངས་ཡོངས་སུ་ཞིང་འབྲོག་ནགས་གསུམ་དང་ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༦༢.༢༣ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༤.༥ འཕར་ཡོད་པ་དང་།  ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་པ་ལས་བརྒྱ་ཆ ༥.༡ འཕར་ཡོད་པ།  དངུལ་རྩའི་ཚན་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར ༤༦༤༦.༣༨ ཟིན་ཡོད་པ་བཅས་མ་ཟད།  ཡུལ་སྐོར་རིག་གནས་ཐོན་ལས་སོགས་ཀྱིས་འདེགས་སྐྱོར་བྱེད་པའི་ཁྱད་ལྡན་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།  རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱིས་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི ༡༣༤༠.༩༧ ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༡༤༩.༣༦ ཟིན་གྱི་ཡོད།

འགྲེམ་བསྒྲགས་ཚོགས་འདུའི་ཐོག་ད་དུང་ལོ་སྟོད་དུ་རང་ལྗོངས་ཀྱི་ཞིང་ལས་དང་འབྲོག་ལས།  བཟོ་ལས།  ཁྱད་ལྡན་ཐོན་ལས་སོགས་ཀྱི་དཔལ་འབྱོར་གོང་འཕེལ་གནས་ཚུལ་ཐད་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་།  རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་དེ་དུས་ཚིགས ༡༧ བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་།  ལྗོངས་ཡོངས་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༧༧༩༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༧ འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ ༣.༩ ཡིས་མཐོ་བ་ཡོད།  དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༨༥༢༠ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༠.༥ འཕར་ནས།  འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ ༢.༥ ཡིས་མཐོ་བ་ཡོད་ཅིང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཀྱི་ཡོད་པ་དང་།  གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༤༠༠༩ ཟིན་ནས་འཕར་ཚད་བརྒྱ་ཆ ༡༢.༥ ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ ༣.༦ གིས་མཐོ་བ་ཡོད་ཅིང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད།

དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་ལེགས་ཉེས་གཙོ་བོ་ནི་དམངས་འཚོ་གོང་འཕེལ་གྱི་གནས་ཚུལ་ལ་ལྟ་དགོས་ཀྱི་ཡོད་ཅིང་།  ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་ཐོག་གོང་འཕེལ་བྱུང་བ་དང་ཆབས་ཅིག་གྲོང་ཁྱེར༼གྲོང་གསེབ༽ཀྱི་ཡུལ་མིའི་ཡོང་འབབ་ཧེ་བག་སྔར་བས་ཆུང་དུ་ཕྱིན་པ་དང་།  ལྗོངས་ཡོངས་ཀྱི་ལས་ཞུགས་ཀྱི་རྣམ་པ་བཟང་ལ་ལས་ཀ་ཤོར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་པ།  ལྗོངས་ཡོངས་ཀྱི་ཡུལ་མིའི་འཛད་སྤྱོད་རིན་གོང་འཕར་སྣོན་འཚམས་པོ་བཅས་བྱུང་བས་དམངས་འཚོ་འགན་སྲུང་གི་ནུས་པ་དང་དཔལ་འབྱོར་གྱི་གསོན་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད།  དེ་དང་ཆབས་ཅིག་ནོར་སྲིད་ཀྱི་གཏོང་སྒོའི་ཐད་ནས་དམངས་འཚོར་རྒྱུན་མཐུད་འཕར་གཟིགས་བྱེད་ཅིང་།  ལོ་སྟོད་དུ་ལྗོངས་ཡོངས་ཀྱི་སྤྱི་པའི་བདེ་འཇགས་དང་སློབ་གསོ།  སྤྱི་ཚོགས་འགན་སྲུང་དང་ལས་ཞུགས།  འཕྲོད་བསྟེན་དང་བདེ་ཐང་།  ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ།  གྲོང་ཁྱེར༼གྲོང་གསེབ༽  སྡེ་ཁུལ་བཅས་ཀྱི་བྱ་བ།  ཞིང་ནགས་ཆུ་གསུམ་གྱི་བྱ་བ།  འགྲིམ་འགྲུལ་སྐྱེལ་འདྲེན་བཅས་དམངས་འཚོ་དང་འབྲེལ་བའི་བྱ་བ་ཁག་བརྒྱད་པོ་དེ་དག་ལ་ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་ཚན་པ་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར ༧༠༧.༢༧ བཏང་བ་དེས་ལོ་སྟོད་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བརྒྱ་ཆ ༧༦.༣ ཟིན་གྱི་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]