ལོ་རྒྱུས་ཀྱི་འཕེལ་རིམ་ཆེན་པོ་ལས་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་བཙུགས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་དང་པོ།  ལོ་ངོ་ ༧༠ ཡི་དཀའ་སྤྱད་རྔུལ་ཆུ་ལས་ལོ་ངོ་ ༧༠ ཡི་གྲུབ་འབྲས་གཡུར་ཟ་ཐོབ།  སྤྱི་མཐུན་རྒྱལ་ཁབ་འཚར་ལོངས་དང་ཡར་རྒྱས་ཀྱི་ཞབས་ཟུང་བརྟན་པོ་དང་བསྟུན་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱང་དེ་མཚུངས་སུ་ཆེས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཆེན་པོ་བརྒྱུད་པ་སྟེ།  ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་ནས་རང་སྐྱོང་ལྗོངས་དབུ་བརྙེས་པའི་བར་དང་།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་ནས་དུས་རབས་གསར་པར་གོམ་ཞེང་ཆེན་པོས་བསྐྱོད་པའི་བར་བཅས་གངས་ལྗོངས་ས་མཐོར་དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་སྟེ་མཐུན་སྒྲིལ་དང་།  དམངས་གཙོ།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་བརྗིད་ཆགས་ངང་འགྱིང་ངེར་གནས་ཡོད།

ལོ་ངོ་ ༧༠ ཡི་ལོ་རྒྱུས་འཕེལ་རིམ་ནི་བོད་མི་དམངས་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོན་ལས་ཐར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཆེན་པོ་ཞིག་ཡིན།  མེས་རྒྱལ་གྱི་རི་ཀླུང་བཅོམ་བརླག་དང་མི་རིགས་ཁག་གི་མི་དམངས་ལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་ཕོག་པའི་དཀའ་སྡུག་ཆེ་བའི་ལོ་ཟླའི་ནང་བོད་མི་དམངས་ཀྱི་ལས་དབང་དེ་བས་ཡ་ང་བ་དང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་དེ་བོད་དུ་རྒྱ་ཆེར་ཁྱབ་ཡོད།  ཀྲུང་གོ་གསར་པ་དབུ་བརྙེས་པ་དང་བསྟུན་བོད་བཅིངས་འགྲོལ་གཏོང་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་ཡིན་ནའང་ཁ་ཕྲལ་རིང་ལུགས་ཀྱི་ཕྱོགས་གཏོགས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་རྒྱབ་སྐྱོར་འོག་ལོ་རྒྱུས་ཀྱི་ཁ་ཕྱོགས་ལས་ལྡོག་སྟེ་བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོ་ནས་ཁ་ཕྲལ་རྒྱུའི་རེ་ངན་བཅངས།  བོད་ཀྱི་དུས་བབ་ཀྱི་འགྱུར་ལྡོག་གཞིར་བཟུང་།  ཏང་ཀྲུང་དབྱང་གིས་བོད་བཅིངས་འགྲོལ་གཏོང་རྒྱུ་སྔ་དགོས་པ་ལས་ཕྱི་མི་རུང་བའི་གཏན་འབེབས་བྱས།  སྤྱི་ལོ ༡༩༥༡ ལོའི་ཟླ ༥ ཚེས ༢༣ ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དེ་སྔའི་བོད་ས་གནས་སྲིད་གཞུང་དང་ལོ་རྒྱུས་ཀྱི་དོན་སྙིང་རླབས་ཆེན་ལྡན་པའི་བོད་ཞི་བས་བཅིངས་དཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་བཞག་སྟེ་ཉེ་རབས་ཚུན་གྱི་བཙན་རྒྱལ་རིང་ལུགས་ཀྱིས་རང་རེའི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆར་རྡོག་བརྫིས་གཏོང་བའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་།  མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཡོད་ཀྱང་སྲུང་མཁན་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ནས་བོད་ལྗོངས་དར་རྒྱས་དང་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་པ་རེད།

ལོ་ངོ་ ༧༠ ཡི་ལོ་རྒྱུས་འཕེལ་རིམ་ནི་བོད་མི་དམངས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་ཚད་ཅིག་ཡིན།  བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལོ་རྒྱུས་ཀྱི་མཐའ་ཟད་དུ་སླེབས་ནའང་བོད་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་སོ་སོའི་ཁེ་ཕན་སྲུང་སྐྱོང་ཆེད།  སྒྱུར་བཅོས་བྱ་རྒྱུར་བསམ་བློ་མི་གཏོང་ཁར་ད་དུང་རུལ་སུངས་ཉམས་རྒུད་ཀྱི་ཆབ་སྲིད་ལམ་ལུགས་འདིར་སྲུང་སྐྱོང་གང་ནུས་བྱས་ནས་ཡུན་རིང་མི་འགྱུར་བ་དང་ནམ་ཡང་མི་འགྱུར་བའི་རེ་ངན་བཅངས་བཞིན་ཡོད།  མཐར་སྤྱི་ལོ ༡༩༥༩ ལོའི་ཟླ་བ ༣ པར་མངོན་སུམ་འཛེམས་མེད་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་དུ་བཏང་ནས་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཡོད།  ཀྲུང་དབྱང་སྲིད་གཞུང་གིས་སེམས་ཐག་གཙང་བཅད་ཀྱིས་བོད་ས་གནས་སྲིད་གཞུང་མེད་པར་བཟོས་པ་དང་ངོ་ལོག་ཟིང་འཁྲུག་རྦད་དེ་ཞོད་འཇགས་སུ་བཏང་བ་དང་ཆབས་ཅིག  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་ནས་དམངས་གཙོའི་བཅོས་སྒྱུར་ཚ་ཚ་འུར་འུར་བྱས་ཤིང་།  མུན་ནག་དང་།  རྗེས་ལུས།  རུལ་སུངས་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བ་དང་།  ཞིང་བྲན་གྱིས་ཞིང་བྲན་བདག་པོར་བརྟེན་པའི་མི་ལུས་གཞན་རྟེན་གྱི་འབྲེལ་བ་རྦད་དེ་མེད་པར་བཟོས་པ།  བོད་ཀྱི་སྤྱི་ཚོགས་ཡུན་རིང་རང་སོར་གནས་པའི་རྗེས་ལུས་ཀྱི་གནས་བབ་རྦད་དེ་མཇུག་འགྲིལ་བ་བཅས་བྱུང་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་ལོ་རྒྱུས་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།  དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་མི་ལུས་རང་དབང་ཐོབ་སྟེ་སྤྱི་ཚོགས་གསར་པའི་བདག་པོར་གྱུར་ཡོད།  དམངས་གཙོའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་ལས་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

ལོ་ངོ་ ༧༠ ཡི་ལོ་རྒྱུས་འཕེལ་རིམ་ནི་བོད་མི་དམངས་རང་ཁྱིམ་རང་བདག་བྱུང་བའི་རླབས་ཆེན་གྱི་ལོ་རྒྱུས་ལམ་ཚད་ཅིག་ཡིན།  སྤྱི་ལོ ༡༩༥༩ ལོའི་ཟླ་བ ༧ པར་བོད་ཀྱི་རྫོང་རིམ་པའི་ཞིང་པའི་མཐུན་ཚོགས་ཐོག་མ་སྟེ་སྣེ་གདོང་རྫོང་ཞིང་པའི་མཐུན་ཚོགས་ནས་སྤྱི་ལོ ༡༩༦༠ ལོའི་ལོ་མཇུག་ཏུ་བོད་ལ་ཤང་རིམ་པའི་སྲིད་དབང་ ༡༠༠༠ ལྷག་ཙམ་བཙུགས་པའི་བར་དང་།  སྤྱི་ལོ ༡༩༦༡ ལོའི་ལོ་མཇུག་ཏུ་བོད་ཀྱི་ས་གནས་གང་སར་ཡོངས་ཁྱབ་འདེམས་བསྐོ་ལག་བསྟར་བྱེད་འགོ་བཙུགས་པ་ནས་སྤྱི་ལོ ༡༩༦༥ ལོའི་ཟླ་བ ༩ པར་བོད་དུ་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པའི་བར་གྱི་རིང་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད།  བོད་རང་སྐྱོང་ལྗོངས་དང་དེའི་རང་སྐྱོང་ལས་ཁུངས་དབུ་བརྙེས་པ་དེ་ཐོག་ནས་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་བོད་དུ་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ཞུགས་ཏེ་རྒྱལ་ཁབ་ཀྱི་ལས་དོན་དང་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པ།  རང་མི་རིགས་ནང་ཁུལ་གྱི་ལས་དོན་ལ་རང་ཉིད་ཀྱིས་དོ་དམ་བྱེད་པ།  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཆེས་རྒྱ་ཁྱབ་ཀྱི་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་བ་བཅས་མཚོན་ཡོད།

ལོ་ངོ་ ༧༠ ཡི་ལོ་རྒྱུས་འཕེལ་རིམ་ནི་བོད་ཀྱི་མི་དམངས་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་དང་དུས་རབས་གསར་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་ཚད་ཅིག་ཡིན།  སྤྱི་ལོ ༡༩༧༨ ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་མཚོན་བྱེད་དུ་བྱས་ཏེ་རང་རྒྱལ་གྱིས་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་བཙུགས་ཡོད།  ལོ་ངོ་ ༤༠ ལྷག་ཙམ་རིང་།  ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་སྟེ།  སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་འགག་རྩའི་དུས་སྐབས་སུ་བོད་ལ་ཁ་ཕྱོགས་བསྟན་པ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།  བཅིངས་འགྲོལ་གཅིག་དང་།  གཙོ་བོར་འཛིན་པ་གཉིས།  འགྱུར་ལྡོག་གཉིས་བཅས་ནས་ལྷུག་གློད་དང་།  རྩ་ཆག  ཆག་ཡང་།  འགན་ལེན་བཅས་ཀྱི་བྱེད་ཕྱོགས་བར་དང་།  ཞིང་ཁུལ་གྱི་ས་ཞིང་དུད་ཚང་ལ་དབང་བ་དང་།  རང་བདག་གཉེར་སྐྱོང་བྱེད་པ།  ཡུན་རིང་མི་འགྱུར་བ་བཅས་བྱས་ནས་འབྲོག་ཁུལ་གྱི་ཕྱུགས་རིགས་འབྲོག་དུད་ལ་དབང་བ་དང་།  སྒེར་བདག་སྒེར་གསོ།  རང་བདག་གཉེར་སྐྱོང་།  ཡུན་རིང་མི་འགྱུར་བ་བཅས་ཀྱི་བར།  ལྟེ་བ་གཅིག་དང་།  དོན་ཆེན་གཉིས།  འགན་ལེན་གསུམ་དང་སྲུང་ཡོལ་གཉིས་དང་རྟེན་གཞི་བཞིའི་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་གནས་ནས།  རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་རྣམ་བཤད་གལ་ཆེན་བར་བོད་འདི་ཉིད་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ་དང་།  རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་སྙེག་པ།  བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱུང་སྟེ་རྒྱལ་ཡོངས་དང་མཉམ་དུ་གོམ་ཞེང་ཆེན་པོས་དུས་རབས་གསར་པར་མདུན་སྐྱོད་བྱེད་བཞིན་ཡོད།

ལོ་ངོ་ ༧༠ ཡི་ལོ་རྒྱུས་འཕེལ་རིམ་ནི་ཟིལ་རླབས་དགུང་དུ་འཕྱུར་བ་ཞིག་དང་།  བགྲང་བྱ་༧༠ ཡི་ལོ་རྒྱུས་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པ་ཞིག་ཡོད།  ཞི་བས་བཅིངས་འགྲོལ་དང་།  དམངས་གཙོའི་བཅོས་སྒྱུར།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ།  སྒྱུར་བཅོས་སྒོ་དབྱེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་པ་བཅས་ལོ་རྒྱུས་ཀྱི་འཕེལ་རིམ་འདི་འདྲ་ཞིག་གིས་འཛམ་གླིང་ཡང་རྩེར་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་མང་པོ་ཞིག་བཙུགས་ཡོད།  མཛད་རྗེས་རྡོ་རིང་འདི་དག་མེས་རྒྱལ་ཁྱིམ་ཚང་ཆེ་མོར་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་མ་གཏོགས་འཛུགས་མི་ཐུབ།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་སེམས་གཏིང་ནས་འཆང་བཞིན་ཡོད།  དུས་རབས་གསར་པ་དང་འགོ་འཛུགས་གསར་པར་ལངས་ནས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བཅས་བྱས་ཚེ་ང་ཚོས་གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་རྩོམ་ཐུབ་ངེས་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]