您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༡༢ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས། སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་ལམ་སྲོལ་དང་སྲིད་ཇུས་མ་ལག་གི་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད།
ཀྲོང་ཡན་ནས་ཏང་གི་སྐབས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་ཚོགས་ཀྱི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་འཐབ་ཇུས་ཐོག་མར་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་མགྱོགས་པོ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་བཟོས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དང་ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པའི་ནན་གསུངས་གནང་ཡོད་ལ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་བཀའ་སློབ་དང་བཀའ་མཆན་ཐེངས་མང་གནང་ཡོད་ཅེས་གསུངས།
ཚོགས་འདུའི་ཐོག་རིམ་ཁག་ཚན་པ་ཁག་ནས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་བྲེལ་དམ་ཟབ་བྱས་ཏེ། གཙོ་གནད་མངོན་ཆེར་འཛིན་པ་དང་དཀའ་གནད་སེལ་བ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་རྒྱུ་འགན་སྲུང་བརྟན་པོ་བྱེད་དགོས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། གོང་འོག་སྦྲེལ་མཐུད་ལ་མཐོང་ཆེན་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་གཏན་འཁེལ་བྱས་ཐོག འབྲེལ་ཡོད་སྲིད་ཇུས་འཆར་འགོད་ཁག་དང་སྦྲེལ་མཐུད་གཞོགས་འདེགས་ཐུབ་པ་བྱེད་དགོས་པ། གཅིག་འགྱུར་འཆར་འགོད་ལ་མཐུན་སྦྱོར་དང་སེམས་ནུས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་གོང་འཕེལ་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།