您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༦ ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་མཉམ་འགོག་མཉམ་སྡོམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་གནང་བ་དང་། ཉེ་དུས་རང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་གསན་པ་མ་ཟད། རང་ལྗོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་སླར་ཡང་ཞིབ་འཇུག་དང་བཀོད་སྒྲིག ནན་བཤད་བཅས་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་རྒྱལ་མཚན། འཇམ་དཔལ། ཀྲང་ཧུང་པོ་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག ཧུའུ་པེ་ཞིང་ཆེན་ཝུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་ཐོན་རྗེས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། ཕྱར་བ་གྲུ་འདེགས་དང་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་བཅས་བྱས་པར་བརྟེན། རང་ལྗོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ད་བར་རང་ལྗོངས་སུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དང་འདྲ་བ་དང་ཡང་ན་ནད་ངོ་ཟིན་པའི་ནད་དཔེ་ཐོན་མེད་ཅེས་བཤད་ཡོད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་དེ་བས་བློ་ཐག་ཆོད་པའི་རྣམ་འགྱུར་དང་དེ་བས་ནན་པའི་བྱ་ཐབས། དེ་བས་འཕྲལ་ཐག་ཆོད་པའི་བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་པ་དང་། བསམ་བློ་གཅིག་གྱུར་དང་འགན་འཁྲི་ཁ་གསལ་བཟོས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས་པ། གཙོ་གནད་མངོན་གསལ་དོད་པོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་གཙོ་གནད་མི་ཚོགས་དང་གཙོ་གནད་ས་ཆ། གཙོ་གནད་ཁུལ་ཁོངས་བཅས་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལག་རྩལ་དང་དངོས་ཟོག་འགན་ལེན། འཕྲིན་གཏོང་དང་འགྲིམ་འགྲུལ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་གི་བཅའ་ཁྲིམས་འགན་ལེན། དྲིལ་བསྒྲགས་སློབ་གསོའི་འགན་ལེན། སྔོན་ཇུས་དོ་དམ་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་སུ་ནད་ཡམས་དེ་རིགས་མི་ཐོན་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།