དབང་ཡང་གིས་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ་གལ་ཆེའི་གསུང་བཤད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ནས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ་གནང་བ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ།  འཐུས་མི་ཚོ་དང་ལྷན་དུ་གོང་འཕེལ་གྱི་ཇུས་ཆེན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་སྐོར་གླེང་གནང་བ་རེད། 
བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་འཕྲིན་ལས་དང་ཀྲའོ་ཁེ་ཀྲི།  བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ་བཅས་ཚོགས་འདུར་ཞུགས་ཡོད། 
བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་
དབང་ཡང་ཞུགས་ཀྱི་ཡོད་པའི་གནས་ཚུལ་ཤེས་རྗེས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་དང་།  སྔ་དྲོའི་ཆུ་ཚོད་དགུ་པའི་གཡས་གཡོན་དུ་དབང་ཡང་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་ནང་ཕེབས་སྐབས།  བོད་རིགས་ཀྱི་འཐུས་མི་སྒྲོལ་དཀར་དང་མོན་པ་རིགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་དབང་ཡང་ལ་དཀར་གཙང་མཇལ་དར་བསྒྲོན་པ་དང་།  སྤྲོ་སེམས་འཁོལ་བའི་ཐལ་མོའི་བརྡེབ་སྒྲའི་ཁྲོད་དབང་ཡང་གིས་འཐུས་མི་རྣམས་ལ་ཕྱག་བཏང་གནང་བ་དང་འཚམ་འདྲི་ཞུས་གནང་བ་རེད། 

དེ་རྗེས་འཐུས་མི་ཚོགས་པས་འཁྲུག་ཆ་དོད་པའི་གྲོས་ཞིབ་བྱེད་འགོ་ཚུགས་པ་དང་།  འཐུས་མི་ཕུར་བུ་དོན་གྲུབ་དང་སྐལ་བཟང་སྒྲོལ་དཀར།  སྒྲོལ་དཀར་སོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་ཐོག་ནས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། 
འཐུས་མི་རྣམ་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནི་ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་ཟུང་འབྲེལ་ནུས་ལྡན་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག་རེད།  ཚང་མས་འགྱུར་ལྡོག་དང་གྲུབ་འབྲས།  གོང་འཕེལ་བཅས་གླེང་བ་དང་གྲོས་འགོ་འདོན་སྐབས་རང་ལྗོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༤༠༠ ལས་བརྒལ་ཞིང་འཕར་ཚད་བརྒྱ་ཆ ༡༠ ཡས་མས་ཟིན་པ་དང་།  གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་བརྒྱ་ཆ ༡༣ ཡས་མས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་བརྒྱ་ཆ ༡༠ ཡན་འཕར་བ།  རྫོང་༼ ཆུས ༽ ༢༥ དབུལ་ཞྭ་ཕུད་པའི་ཚད་གཞི་ལོན་པ་དང་གྲོང་ཚོ ༢༡༠༠ ལྷག་གི་མང་ཚོགས་ཁྲི་ཚོ ༡༨ དབུལ་གྲོལ་གྱི་ཚད་གཞིར་སླེབས་པ།  མང་ཚོགས་ཀྱི་བདེ་འཇགས་སྣང་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་འཚིམ་ཚད་བརྒྱ་ཆ ༩༩ ཡན་ཟིན་པ་སོགས་ཀྱི་གྲངས་གཞིའི་ཐོག་ནས།  བོད་ལྗོངས་ཀྱིས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྤེལ་བ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ།  སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ།  མཐའ་བརྟན་མཐའ་སྲུང་བྱེད་པ།  སྐྱེ་ཁམས་སྲུང་སྐྱོང་བྱེད་པ།  ཏང་འཛུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད་པ་དང་།  གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞུམ་མེད་དབུ་ཁྲིད་ལས་བྱུང་བ་ཞིག་ཡིན་པས།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་ཀྱི་ཡོད་ཅེས་གསུངས། 
དབང་ཡང་ནས་འཐུས་མི་རྣམ་པའི་གཏམ་བཤད་གསན་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཡོངས་སུ་མོས་མཐུན་ཡོད་ཅེས་གསུངས་པ་དང་སྦྲགས།  འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གོང་འཕེལ་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག  བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་མཐུད་ལེགས་འཕེལ་བྱུང་ཡོད་ཀྱང་ཉེན་ཁ་དང་འགྲན་སློང་ཡང་མཐོང་ཐུབ་པ་དགོས་ཤིང་།  བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ།  མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་དམིགས་ས་དང་ཤུགས་རྒྱག་སར་སྟངས་་འཛིན་ཡག་པོ་བྱེད་པ་དང་།  ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར།  ཡུན་རིང་བོད་སྐྲུན།  མི་སེམས་གཅིག་སྒྲིལ།  རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལ་སྟངས་འཛིན་ཡག་པོ་བྱས་ནས།  བདེ་དུས་ཉེན་བསམ་དང་བརྟན་ཐོག་ཡར་བརྩོན་གྱིས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་གི་རྣམ་པ་སྔར་བས་བརྟན་དུ་གཏོང་བ་དང་།  དགོན་སྡེ་དོ་དམ་གྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།  དབུལ་གྲོལ་འགག་སྒྲོལ་ཀྱི་སྤུས་ཚད་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས།  གངས་ལྗོངས་ས་མཐོ་དུས་བདེ་ལྷིང་འཇགས་དང་མི་རིགས་ཁག་གི་མི་དམངས་བདེ་འཁོད་ལས་ཞེན་ཡོང་བ་བྱེད་དགོས་ཞེས་གསུངས། 
ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བློ་མཐུན་དབང་ཡང་ནས་གནང་བའི་གསུང་བཤད་ལས་བོད་ཀྱི་ལས་དོན་སྔར་བས་ལེགས་པ་སྒྲུབ་རྒྱུའི་ཐད་ང་ཚོར་ཁ་ཕྱོགས་གསལ་སྟོན་ཐུབ་ཡོད་པས།  ང་ཚོས་ཡིད་ཆེས་སྔར་བས་བརྟན་པོ་དང་སྤྱོད་ཚུལ་སྔར་བས་ཏན་ཏིག་གི་ཐོག་ནས་ལས་དོན་ཁག་ཡག་པོ་སྒྲུབ་སྟེ།  གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས།
འཐུས་མི་རྣམ་པས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟནལྷིང་ཡོང་བ་བྱེད་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ།  རྒྱུན་བསྲིངས་ལྷོད་མེད་ངང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་པ།  གཞི་རིམ་གྱི་རྨང་གཞིའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོག་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་འཚིམ་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]