རྒྱལ་ཡོངས་སྲིད་གྲོས་སྐབས༡༣པའི་ཚོགས་འདུ་ཐེངས༢པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྒྱལ་ཁའི་ངང་གྲོལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་སྟེ།  སྤྱི་ཚེས ༡༣ ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད།  

ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་ཐེ་ཞུགས་ཚན་པ་ཁག  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ།  བློ་སེམས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ་བཅས་བྱ་ཆེད།  ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་འབོད་སྐུལ་བྱས་པ་རེད། 
ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་ལི་ཁེ་ཆང་།  སླིད་ཀྲན་ཧྲུའུ།  ཝང་ཧུ་ཉིང་།  ཀྲའོ་སླེ་ཅི།  ཧན་ཀྲེང་།  ཝང་ཆི་ཧྲན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད། 
ཚོགས་འདུའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་གིས་གསུང་བཤད་གནང་བ་རེད། 
ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་དང་།  སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད། 
དབང་ཡང་གིས་གསུང་བཤད་གནང་སྐབས་ད་རེས་ཀྱི་ཚོགས་འདུ་འདི་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་ལོར་ཚོགས་པའི་ཚོགས་འདུ་ཞིག་རེད།  ཀྲུང་གུང་ཀྲུང་དབྱང་གིས་མཐོང་ཆེན་པོ་གནང་བ་དང་འབྲེལ་ཡོད་ཚན་པ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཡོད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་དང་མཇུག་སྒྲིལ་ཚོགས་འདུར་ཕེབས་པ་མ་ཟད།  རིགས་གྲས་ཁག་གི་ཚོགས་ཆུང་ཁག་བགོས་གྲོས་ཞིབ་ནང་ཕེབས་ཏེ་གྲོས་འཆར་གསན་པ་དང་།  ཨུ་ཡོན་རྣམ་པ་དང་ལྷན་དུ་རྒྱལ་ཇུས་གླེང་གནང་ཡོད།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་མིན་སྙན་སྒྲོན་ལ་གྲོས་བསྡུར་གཏིང་ཟབ་གནང་ཞིང་།  རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་ཞུ་སོགས་ཀྱི་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་བས།  འགན་སྒྲུབ་གྲོས་འདོན་ལས་ཀར་གྲུབ་འབྲས་ཕུན་གསུམ་ཚོགས་པོ་ཐོབ་ཡོད་ཅེས་གསུངས། 
དབང་ཡང་གིས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་རེད།  ལོ་ངོ་ ༧༠ རིང་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ཀྲུང་གོ་གསར་པ་འཛུགས་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་ནས་ལོ་རྒྱུས་མཛད་རྗེས་བཞག་ཡོད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་སྐབས་སུ།  མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་ཁོར་ཡུག་སྔར་བས་རྒྱ་ཆེར་ཕྱིན་པ་དང་འགན་འཁྲི་སྔར་བས་ལྕི་རུ་ཕྱིན་ཡོད་པས།  ང་ཚོས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་།  དད་སེམས་དང་ངེས་གནས་བརྟན་སྲུང་བྱས་ཐོག་ཉམས་མྱོང་གསོག་འཇོག་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་དགོས་ཞེས་གསུངས། 
དབང་ཡང་གིས་ང་ཚོས་སློབ་སྦྱོང་ལ་བརྩི་མཐོང་བྱས་ནས་ཤུགས་སྣོན་རྒྱག་པ་དང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱབ་སྟེ།  ཚན་རིག་རིག་གཞུང་གི་གྲུབ་འབྲས་དེ་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞིར་འགྱུར་བ་བྱེད་དགོས་པ་དང་།  ང་ཚོས་གསར་གཏོད་ལ་བརྩི་མཐོང་བྱས་ནས་གསར་གཏོད་བྱེད་ཕོད་པའི་སྒོ་ནས་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་སྟེ།  སྲིད་གྲོས་གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་ལུགས་དང་ལག་བསྟར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པ།  ང་ཚོས་མཐུན་སྒྲིལ་ལ་བརྩི་མཐོང་བྱས་ཏེ་མཐུན་སྒྲིལ་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀའི་ཐད་ལ་ཤུགས་སྣོན་རྒྱབ་སྟེ།  ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་ཞུ་སྒྲུབ་པའི་མཉམ་ཤུགས་ཆགས་པ་བཅས་བྱེད་དགོས་ཞེས་གསུངས། 
དབང་ཡང་གིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལ་དུས་རབས་གསར་པའི་རྣམ་པ་ཞིག་དགོས་པ་དང་།  དུས་རབས་གསར་པའི་སྲིད་གྲོས་ཀྱི་ཨུ་ཡོན་ལ་ཡང་དུས་རབས་གསར་པའི་གཟུགས་བརྙན་ཞིག་དགོས་པས་སྲིད་གྲོས་ལས་སྒོར་རྒྱུས་མངའ་ཡོད་པ་དང་གྲོས་མོལ་བྱེད་ཤེས་པ།  སྲིད་གླེང་མཁས་པ།  སྒྲིག་ལམ་སྲུང་བ།  སྒྲིག་སྲོལ་ལ་སྣང་ཆེན་བྱེད་པ།  ཀུན་སྤྱོད་འཛིན་པ་བཅས་ཀྱི་བླང་བྱ་གཞིར་བཟུང་ཨུ་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱབ་སྟེ།  སྤྱིའི་བྱང་ཚད་མཐོ་རུ་དང་འགན་སྒྲུབ་ནུས་པ་ཆེ་རུ་བཏང་ནས་ལས་འགན་གསར་པ་ཕྲག་ཏུ་འཁུར་ཐོག་བྱས་རྗེས་གསར་པ་འཇོག་དགོས་པ་དང་།  འབད་འཐབ་པའི་ཧུར་སེམས་རྒྱུན་འཁྱོངས་བྱས་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཐེ་ཞུགས་པ་དང་ལག་ལེན་པ།  སྐུལ་འདེད་པ་བཅས་བྱས་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་པར་བྱས་ཏེ།  མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་གྱི་འོད་སྟོང་འབར་བའི་ལེའུ་གསར་པ་བརྩམ་དགོས་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]