ཕ་ཡུལ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་རྒྱུ་ནི་འགན་འཁྲི་ཡིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཁུལ་གྱི་བོད་ལྗོངས་ཡུལ་སྨད་ཤང་ནི་དེང་སྐབས་སྔར་མུས་བཞིན་རང་རྒྱལ་གྱི་མི་འབོར་ཉུང་ཤོས་དང་མི་རེར་དབང་བའི་ཆ་སྙོམས་འཚོ་གནས་རྒྱ་ཁྱོན་ཆེ་ཤོས་ཀྱི་ཤང་ཞིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་གནང་བའི་འཕྲིན་ལན་ནང་།  ཕ་ཡུལ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ  ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་རྒྱུ་ནི་འགན་འཁྲི་ཡིན་ཞེས་པའི་ཁོ་གཉིས་ཀྱི་སྐད་ཆར་བསྔགས་བརྗོད་གནང་ཡོད།

སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས།  ཉེ་བའི་ལོའི་ནང་ཡུལ་སྨད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་དང་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ཏེ།  མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་སྲུང་སྐྱོབ་ཡག་པོ་བྱས་ནས་ཡུལ་སྨད་འདི་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་ཞིག་ཏུ་སྐྲུན་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད།  ཡུལ་སྨད་ཤང་གི་ཏང་ཀྲེ་པུའི་ཧྲུའུ་ཅི་ཟླ་བས།  ཡུལ་སྨད་དུ་ད་ཆ་དུད་ཚང་ ༥༦ དང་མི ༡༩༧ ཡོད་ཅིང་དེ་གར་གཞིས་འཇག་མཐའ་སྲུང་གི་རེ་ཞུ་འབུལ་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་གསུངས།

ཡུལ་སྨད་བའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་དང་།  སྤྱི་ལོ ༢༠༡༨ ལོར་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༦ ལྷག་ཙམ་ཟིན་ནས་བརྒྱ་ཆ ༡༡.༡ འཕར་ཡོད།  དེ་གར་ཚོང་ཁང་དང་ཟ་ཁང་།  ཁྱིམ་ཚང་མགྲོན་ཁང་།  ཇ་ཁང་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད་སྨྱུག་ཆས་སོགས་ཀྱི་ལག་ཤེས་ཐོན་རྫས་བྲིན་ཁ་ཧ་ཅང་རྒྱུགས་པོ་ཡོད།  ཉེ་བའི་ལོ་གཉིས་རིང་ཡུལ་སྨད་བའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།  རྒྱལ་ཁབ་ནས་མ་དངུལ་བཏང་སྟེ་འགྲིམ་འགྲུལ་ལེགས་བཅོས་བྱས་པས་དེ་སྔ་གངས་ཆེན་པོ་བབས་སྐབས་འགྲིམ་འགྲུལ་འགག་པའི་དུས་ཚོད་དེ་ལོ་ཕྱེད་ནས་ད་ཆ་ཟླ་བ་གསུམ་ལྷག་ཙམ་བར་ཐུང་དུ་ཕྱིན་པ་དང་།  ད་ཆ་གྲོང་ཚོའི་ནང་རླངས་འཁོར་བརྒྱད་ཡོད་པས་ལྷོ་ཁ་དང་ལྷ་ས་སོགས་སུ་འགྲོ་རྒྱུར་ཧ་ཅང་སྟབས་བདེ་པོ་ཡོད།

ཡུལ་སྨད་ཤང་སྲིད་གཞུང་གནས་ཡུལ་གྱི་ཡུལ་སྨད་གྲོང་ཚོར་དེ་སྔོན་ཁྲོམ་གཞུང་གཅིག་ལས་མེད་པ་ནས་ད་ཆ་ཁྲོམ་གཞུང་གསུམ་ཡོད་པ་དང་།  མཐའ་མཚམས་འབྱོར་འབྲིང་ཤང་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད་ཅིང་།  ཤང་ཏང་ཨུད་དང་སྲིད་གཞུང་གཞུང་ལས་ཁང་གསར་པ་སྐྲུན་བཞིན་ཡོད་པ་དང་།  སློབ་གྲྭ་དང་འཕྲོད་བསྟེན་ཁང་།  སྤྱི་གླིང་།  ཡུལ་སྐོར་ལྟེ་གནས།  ཡུལ་སྨད་གསོལ་མགྲོན་ཁང་སོགས་ཀྱང་འཆར་འགོད་གྲབས་འཛུགས་བྱེད་བཞིན་ཡོད།  སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྱི་ལོ ༢༠༡༨ ལོར་དུས་རབས་ཀྱི་དཔེ་བཟང་བ་ཞེས་པའི་མཚན་སྙན་ཐོབ་རྗེས།  གཟི་བརྗིད་མཚན་སྙན་དེ་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ་ལས་བྱེད་མང་ཚོགས་དེ་བས་མང་བ་མཐའ་སྲུང་བྱ་སྤྱོད་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད།

ཡུལ་སྨད་ཀྱི་མཐའ་མཚམས་ལམ་ཐིག་རིང་པོ་ཡོད་པ་དང་ས་ཆ་མང་ཆེ་བ་ནི་ནག་གསེབ་སྟུག་པོའི་ཁྲོད་གནས་ཡོད།  ཡུལ་སྨད་ཤང་གི་ཏང་ཀྲེ་པུའི་ཧྲུའུ་ཅི་ཟླ་བས།  ང་ཚོས་ཤང་གི་ལས་བྱེད་པའི་སྣེ་ཁྲིད་དེ་མི་རེས་རྡོག་ཁྲེས་རྒྱ་མ ༥༠ ནས ༨༠ བར་འཁྱེར་ནས་ཉིན་བརྒྱད་ནང་རྐང་ཐང་མར་སྤྱི་ལེ ༨༠ ཡི་སར་མཐའ་སྲུང་བྱེད་པར་སྐྱོད་མྱོང་ཡོད་ཅེས་གསུངས།  ཡུལ་སྨད་ཤང་གི་སློབ་ཆེན་སློབ་ཐོན་སློབ་མ་དང་པོ་ཡིན་པའི་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ལ་ཆ་རྐྱེན་ལེགས་སར་ལས་ཀ་འཚོལ་བའི་གོ་སྐབས་མང་པོ་འཕྲད་ཡོད་ཀྱང་།  བློ་ཐག་ཆོད་པོས་རང་གི་ཕ་ཡུལ་འཛུགས་སྐྲུན་བྱེད་པར་ཡོང་ཡོད།  བསོད་ནམས་དོན་གྲུབ་ཀྱིས།  ང་ཚོས་ངེས་པར་དུ་རྒན་རབས་ཚོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ།  བླ་མེད་རྩ་ཆེའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]