བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པས་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་སྤྱི་ཟླ ༩ པའི་ཚེས ༩ ཉིན་གྱི་སྔ་དྲོ་ལྷ་སར་འཚོགས་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེས་གསུང་བཤད་གནང་བ་མ་ཟད་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚང་འཛོམས་ཚོགས་འདུའི་ཐོག་ལས་དོན་སྙན་སྒྲོན་གནང་བ་དང་།  གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུ་ནས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་རང་ལྗོངས་ཀྱི་སློབ་གསོར་ཞིབ་ཕྲའི་བླང་བྱ་བཏོན་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཚུལ་བརྡ་ཁྱབ་བཏང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཆེ་དགྲ་ལྷ་དང་ཏིང་གཡས་ཤན།  ཀྲོང་ཡན།  ནོར་བུ་དོན་གྲུབ།  བསྟན་མཁོ།  ཅང་ཇལ།  སྤེན་པ་བཀྲ་ཤིས།  ཧོ་ཝུན་ཧའོ།  པད་མ་དབང་འདུས།  ལེའུ་ཅང་།  ཝང་དབུད་ཏུང་།  གྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་སློབ་གལ་ཆེན་རབ་དང་རིམ་པར་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ།  ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་གཞིགས་ནས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་ཡག་པོ་གཏོང་བ་དང་།  ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ཐོག་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་ཐོག་ལས་ཀའི་གྲུབ་འབྲས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་བརྟག་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད།  ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  རང་སྐྱོང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་དང་དམིགས་ཡུལ་གཙོ་གྲས་དང་།  དམིགས་ཚད།  ལས་འགན་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཐོག་གནད་དོན་གྱི་ཁྲིད་ཕྱོགས་དང་ལག་ལེན་གྱི་ཁྲིད་ཕྱོགས་མངོན་ཆེར་འཛིན་ནས།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་།  རྩ་འཛུགས་ཀྱིས་འགོ་ཁྲིད་རྒྱུ་དང་ལས་ཀར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ།  གནད་ལ་འཁེལ་བ་བཞིའི་ཐོག་ནས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་མཛུབ་སྟོན་བྱས།  ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤྱི་ཟླ ༩ པ་ནས་འགོ་བཙུགས་ཏེ་སྤྱི་ཟླ ༡༡ པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་ཡིན་པས།  དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བ།  བླང་བྱ་མཐོ་བ།  ཁྱབ་རྒྱ་ཆེ་བ།  སྣེ་ཁ་མང་བ།  གྲངས་འབོར་ཆེ་བ་བཅས་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ཏེ།  གཙོ་གནད་ལས་དོན་ཉིན་རེའི་གྲོས་རིམ་ནང་བཅུག་ཐོག་རྩ་འཛུགས་ཀྱིས་འགོ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད།  དྲིལ་བསྒྲགས་ཁྲིད་སྟོན།  གཅིག་གྱུར་འཆར་འགོད་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས།  འགོ་འཛུགས་ས།  དོན་ལ་བབས་ས་བཅས་ལ་དམིགས་ཏེ་འཆར་འགོད་བཟོ་སྐབས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནང་བཞག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཏེ་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་རྒྱུས་གཙོ་རྐང་བྱེད་པ་དང་།  སྤྱི་ཚོགས་བརྟན་ལྷིང་འགན་སྲུང་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་གཙོ་གནད་ལས་དོན་གཉིས་མངོན་ཆེར་འཛིན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱས་ཏེ།  རང་རྟོགས་ངང་བསམ་བློ་དང་ཆབ་སྲིད།  བྱ་སྤྱོད་བཅས་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་བྱེད་པ་དང་།  སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།  དམངས་འཚོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་།  དམངས་འཚོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཐོག་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ་བྱ་གཞག་ཁག་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་བྱས་ཡོད།

གོམ་སྟབས་རྗེས་མའི་ལས་དོན་ཏན་ཏིག་སྤེལ་ཆེད།  གཅིག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་བརྟན་ལྷིང་སྔོན་ལ་འཇོག་རྒྱུ་དང་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་ཡིན་པའི་བསམ་པ་རྒྱུན་འཁྱོངས་བྱས་ཏེ།  འགན་འཁྲི་ཁག་དང་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ཐོག  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་འགན་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་དང་།  གཉིས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱེད་རྒྱུ་མངོན་ཆེར་འཛིན་ཏེ།  དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ།  གསུམ་ནས་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཏེ་དབུལ་ཕོངས་མི་འབོར་ཁྲི ༡༥ དང་དབུལ་ཕོངས་རྫོང་༼ཆུས༽ ༡༩ དབུལ་གྲོལ་ཐུབ་པ་བྱེད་དགོས་པ།  བཞི་ནས་ལོ་ལྔ་ཚན་བཅུ་བཞི་པའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་སྔ་ཙམ་བཟོས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པ།  ལྔ་ནས་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  རང་ལྗོངས་ཀྱི་བྱ་གཞག་ཁག་ལ་རྒྱལ་ཁ་དེ་བས་ཆེ་བ་ལེན་ཐུབ་རྒྱུར་རྩ་འཛུགས་ཐད་ནས་འགན་སྲུང་བརྟན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག  ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས་ཕྱར་བ་གྲུ་འདེགས་ཐོག་འབད་བརྩོན་ལྷོད་མེད་བྱས་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གཡུར་ཟའི་གྲུབ་འབྲས་དེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད།

གཞན་ཡང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་ཁག་དང་པོའི་ཕྱོགས་བསྡོམས་དང་།  ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་དང་།  བློ་མཐུན་ཝང་ཅན་ཝུ་ཡིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་གནས་ནས་དགོངས་ཞུ་བྱེད་རྒྱུར་ཆོག་མཆན་སྤྲད་པ་དང་།  ཀྲུང་གོ་གུང་ཁྲན་ཏང་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཉི་སྒྲོན་གྱིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་རིམ་གསབ་ཨུ་ཡོན་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད།  ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་རྒྱལ་སྤྱིའི་གླུ་དབྱངས་ཁྲོད་གྲོལ་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]