ཕྱི་མ་ཁ་ཡི་ལྷ་མོའི་རྒྱུན་མི་ནུབ་བསྐལ་བརྒྱར་གནས་པར་སྨོན།

ཡོངས་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2014-01-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཕྱི་མ་ཁའི་ལྷ་མོ་འཁྲབ་སྟོན་བྱེད་བཞིན་པ།

ཕྱི་མ་ཁ་ཞེས་པ་ནི་ཕྱི་ཕྱོགས་ཀྱི་ས་ཆ་ཞེས་པའི་དོན་ཡིན་པ་དང་གྲོང་ཚོ་དེ་ནི་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་དུ་གནས་ཤིང་།  ཞིང་ལས་ཐོན་སྐྱེད་གཙོ་བོར་བྱེད་པའི་རང་བྱུང་གྲོང་ཚོ་ཞིག་ཡིན་པ་དང་།  ལོ་ངོ་སྟོང་ཕྲག་རིང་ཞོགས་པ་ཉི་མ་ཤར་སྐབས་ལས་ཀ་བྱེད་འགོ་འཛུགས་པ་དང་དགོང་དྲོ་ཉི་མ་བཞུད་སྐབས་ངལ་གསོ་རྒྱག་པའི་ཞིང་ལས་བྱེད་སྟངས་དེ་འཚོ་བའི་ཆོས་ཉིད་དུ་གྱུར་ནས།  དམངས་ཁྲོད་སྒྱུ་རྩལ་གཞི་ཚུགས་པར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅིང་། དེ་ནི་སྒྱུ་རྩལ་གྱི་རྣམ་པས་ཕྱུག་པའི་གྲོང་ཚོ་ཞིག་རེད། 

ལྷ་མོ་ཞེས་པ་ནི་རིག་གཞུང་ཐོག་གི་སྤྱིའི་འབོད་སྟངས་ཤིག་ཡིན་པ་དང་གངས་ལྗོངས་ས་མཐོར་དེ་མཚོན་རྟགས་སུ་བྱས་པའི་ལྷ་མོའི་རིགས་ལོ་ངོ་སྟོང་ཕྲག་རིང་དར་ཁྱབ་བྱུང་ཡོད། དེས་ན་ཕྱི་མ་ཁ་གྲོང་ཚོའི་མི་སེར་གྱི་ངོས་ནས་བཤད་ན་ལྷ་མོ་ནི་རིག་རྩལ་འཁྲབ་སྟོན་བྱེད་སྟངས་རྐྱང་པ་ཞིག་ཙམ་མིན་པས་གྲོང་ཚོ་དེ་ཆགས་པའི་ཆ་ཤས་ཤིག་ཡིན་ཞིང་། ལྷ་མོ་རུ་ཁག་གི་བགྲེས་སོང་རྒྱལ་པོས་གྲོང་ཚོ་དེར་ལོ་ངོ་བརྒྱད་བརྒྱ་ལྷག་ཙམ་གྱི་ལྷ་མོ་འཁྲབ་པའི་ལོ་རྒྱུས་ལྡན་ཡོད་ཅེས་བཤད།

ཕྱི་མ་ཁ་གྲོང་ཚོའི་ལྷ་མོའི་ཚན་ཁག་ལ་ཉི་པ་ལྷ་མོ་བརྗོད་པ་དང་།  སྤྱི་ལོ ༡༩༥༩ ལོར་ཉི་པ་ལྷ་མོ་ཚོགས་པ་ཞེས་པར་མིང་བསྒྱུར་མོད།  འོན་ཀྱང་སྨྱུག་འཛིན་པས་སྔར་བཞིན་ཚན་ཁག་ཅེས་འབོད་འདོད་བྱེད་པའི་རྒྱུ་མཚན་ནི་ཚན་ཁག་དེ་གྲོང་མིས་རང་རྟོགས་དང་རང་མོས་ངང་གྲུབ་པ་ཞིག་ཡིན་པ་དང་དུས་མཚུངས།  སྒྱུ་རྩལ་རྒྱུན་འཛིན་བྱ་རྒྱུ་དེའང་མི་སྒེར་དབར་དང་དགེ་སློབ་དབར་སློབ་རེས་བྱས་པ་ཞིག་ཡིན་པས་དེང་དུས་ཀྱི་སྒྱུ་རྩལ་ཚོགས་པ་དང་ཧེ་བག་ཡོད་པ་ཞིག་ཡིན་པས་རེད།  དེས་ན་གནའ་བོའི་རྒྱུན་འཛིན་བྱེད་སྟངས་གཞིར་བཟུང་ཉི་པ་ལྷ་མོ་དེ་ཉིད་གྲོང་མིའི་ཚོགས་སྤྱིའི་དྲན་ཤེས་ལ་བརྟེན་ནས་དར་ཁྱབ་བྱུང་བ་དང་དེ་བས་ཀྱང་སྒྱུ་རྩལ་གྱི་ཉམས་འགྱུར་ཇི་མ་ཇི་བཞིན་སོར་ཉར་ཐུབ་ཡོད་ཅིང་།  ཚན་ཁག་གི་སྣེ་ཁྲིད་མཁན་བགྲེས་སོང་རྒྱལ་པོ་འདི་ལོ་ལོ ༧༢ ལ་སླེབས་མོད།  འོན་ཏེ་སྐད་ཤུགས་ཆེ་བ་དང་མིག་ཟུང་གཟི་མདངས་ལྡན་པ་དེ་ནི་རྟག་ཏུ་འཁྲབ་སྟོན་བྱས་པ་ལས་བྱུང་བ་ཞིག་ཡིན་པ་བལྟས་པ་ཙམ་གྱིས་མཐོང་ཐུབ།  ཉི་པ་ལྷ་མོ་ནི་ད་ཆ་མེད་དུ་མི་རུང་བའི་ལྷ་མོའི་ཡ་གྱལ་ཞིག་ཏུ་གྱུར་པ་དང་བགྲེས་སོང་རྒྱལ་པོས་གྲོང་ཚོའི་ནང་གི་སྐྱེས་ཕོ་མོ་རྒན་གཞོན་གང་རུང་ཞིག་གིས་ཀྱང་ཉི་པ་ལྷ་མོའི་རྒྱུན་འཛིན་སྐོར་ཤོད་ཐུབ་ཀྱི་ཡོད།  དེ་སྔ་འབྲི་གུང་མཐིལ་དགོན་གྱི་བླ་མ་སྐྱེས་ཆེན་རིག་འཛིན་ཆོས་གྲགས་ཀྱིས་ནང་བསྟན་དར་སྤེལ་གཏོང་ཆེད་ཐར་པ་བསྟན་པ་ཡི་གཏམ་རྒྱུད་དེ་ལྷ་མོར་སྒྱུར་བཟོ་བྱས་ཏེ།  དེ་གར་དར་བ་དང་ད་བར་ཉི་པ་ལྷ་མོའི་འཁྲབ་སྟོན་བྱེད་སྟངས་དང་རྒྱན་གོས་ཀྱི་ཁྱད་ཆོས་འབྱུང་ཁུངས་མང་པོ་ཞིག་འབྲི་གུང་མཐིལ་དགོན་ནས་འཚོལ་ཐུབ་ཀྱི་ཡོད་ཅེས་བཤད།  ཁོང་གིས་གསར་འགོད་པར་ད་བར་ཉི་པ་ལྷ་མོའི་རྣམ་ཐར་ཤོད་ཐུབ་མཁན་མི་རབས་དྲུག་པར་སླེབས་ཤིང་།  རང་ཉིད་ནི་དགེ་རྒན་ནོར་རྒྱལ་གྱི་གམ་ནས་རྒྱུན་འཛིན་པར་གྱུར་པ་ཞིག་ཡིན།  ད་ཆ་ཚན་ཁག་གི་ཁོངས་མི ༣༣ ཡོད་པར་ལོ ༡༩ ལ་སླེབས་པའི་ཕུན་ཚོགས་སྒྲོལ་དཀར་ནི་ཆུང་ཤོས་རེད་ཅེས་བཤད།

ཕྱི་མ་ཁ་གྲོང་ཚོར་ལྷ་མོ་བལྟ་བ་དེ་ནི་ས་ཆ་གཞན་དག་དང་རྦད་དེ་མི་འདྲ་བའི་ཉམས་མྱོང་ཞིག་ཡིན་པ་དང་།  འཁྲབ་སྟོན་པ་ཚོའི་ཚོན་མདོག་སྣ་མང་གི་འཁྲབ་ཆས་དང་རྒྱུན་གཏན་གྱི་གྱོན་གོས་དབར་མི་འདྲ་བའི་ཚོར་སྣང་མེད་ལ་ལྷ་མོའི་སྲོལ་རྒྱུན་གྱི་གཞས་གདངས་དེའང་ཁོར་ཡུག་དེའི་འོག་ཧ་ཅང་རྒྱུན་རྣམ་ཞིག་མངོན་གྱི་ཡོད། 

བགྲེས་སོང་རྒྱལ་པོས་གསར་འགོད་པར།  སྔོན་ཆད་དུས་རབས་ཀྱི་ཡོ་ལང་ལས་གྲོང་ཚོའི་ནང་གི་དུད་ཚང་ཁག་ཏུ་དྲན་ཤེས་ཐོར་བུ་ཙམ་ཡོད་པ་ཕུད་ཐར་པ་བསྟན་པ་ཡི་འཐུས་སྒོ་ཚང་བའི་འཁྲབ་ཚན་དེ་གཞི་རྩའི་ཆ་ནས་རྒྱུན་ཆད།  ད་ཆ་ལྷ་མོའི་ཚན་ཁག་གིས་གནའ་བོའི་འཁྲབ་གཞུང་དེ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་འབྲེལ་སླར་གསོ་བྱེད་བཞིན་ཡོད་ཅིང་།  དུམ་བུ་ཁག་གཅིག་ཧ་ལམ་སླར་གསོ་ཐུབ་པ་དང་ཕྱི་མ་ཁ་གྲོང་ཚོའི་ལྷ་མོ་ཞེས་པའང་མདོར་བསྡུས་ནས་བཤད་ན་འཚོ་བ་སྐྱེལ་སྟངས་ཤིག་རེད།  གདོད་མའི་རྣམ་པ་རྒྱུན་འཛིན་བྱེད་པ་དང་དེ་བཞིན་གདོད་མའི་རྣམ་པ་སླར་གསོ་ཐུབ་པར་བརྟེན་སྙིང་བཅུད་ལྡན་པའི་རིན་ཐང་མང་པོ་ཞིག་སོར་ཉར་ཐུབ་ཡོད་ཅེས་བཤད། 

གྲོང་ཚོ་དེས་གདོད་མའི་སྒྱུ་རྩལ་གྱི་རྣམ་པ་སོར་ཉར་ཐུབ་ཡོད་མོད།  འོན་ཀྱང་འཚོ་བ་རྗེས་ལུས་ཐེབས་མེད་ཅིང་།  གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༢ ལོའི་གྲོང་ཚོ་དེ་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི ༨༡༧.༡༢ ཟིན་པ་དེའི་ནང་ཐོན་ལས་དང་པོར་སྒོར་ཁྲི ༧༠༨.༢༧ དང་།  ཐོན་ལས་གཉིས་པར་སྒོར་ཁྲི ༡.༣ ཐོན་ལས་གསུམ་པར་སྒོར་ཁྲི ༡༠༧.༥༥ བཅས་ཟིན་པ་དང་།  འབྲུ་རིགས་སྤྱིའི་ཐོན་འབབ་ཏུན ༤༡༡ དང་པད་ཁ་སྤྱིའི་ཐོན་འབབ་ཏུན ༦༣.༣ ཟིན་པ།  མི་རེའི་ཆ་སྙོམས་ཡོང་འབབ་སྒོར ༦༡༤.༥༤ ཟིན་པ་དེའི་ནང་དངུལ་སྨར་ཡོང་འབབ་སྒོར ༣༣༧༨.༩༥ ཟིན་པ་བཅས་ཡིན་ཞིང་།  དཔལ་འབྱོར་དང་འཚོ་བའི་ཆ་རྐྱེན་བཟང་པོར་བརྟེན་ནས་རིག་གནས་སྒྱུ་རྩལ་སོར་ཉར་དང་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བཏིང་བ་རེད།

མིག་དམར་ཚེ་རིང་གིས་དུས་ཡུན་རིང་པོའི་ནང་ལྷ་མོ་ལྟ་ཁོམ་མ་བྱུང་བ་དང་ལྟ་ཐེངས་མཇུག་ཤོས་དེའང་ལོ ༩ ཡི་གོང་དུ་ནོར་བུ་གླིང་ཁ་ནས་མཐོང་བ་ཞིག་ཡིན་ཞིང་།  ཁོང་གི་དུས་ཚོད་ཚང་མ་ཐང་ག་བཞེངས་པའི་ཐད་སྤྱད་ཡོད།

འཁྲུག་ཆ་དོད་པའི་ལྷ་མོའི་འཁྲབ་སྟོན་དེས་དེ་གའི་དབེན་འཇམ་གྱི་ཁོར་ཡུག་ལ་མཛེས་རྒྱན་སྤྲས།  མིག་དམར་ཚེ་རིང་གི་བཟོ་ཁང་ནང་དགེ་ཕྲུག་ཚོས་གཙགས་གྲུབ་ཐང་ག་བཞེངས་བཞིན་ཡོད་པ་དང་དེ་གར་རྔ་དུང་གི་སྒྲ་ཕྲན་བུ་ཐོས་ཀྱི་ཡོད་མོད།  འོན་ཏེ་ཁོང་ཚོས་ཧ་རི་ཧུ་རི་རྩ་བ་ནས་བྱེད་ཀྱི་མེད།  མིག་དམར་ཚེ་རིང་གིས་ཕྱི་མ་ཁ་གྲོང་ཚོའི་འབྲི་གུང་གཙགས་གྲུབ་ཐང་ག་ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པ་དེར་ད་བར་ལོ ༤༠༠ ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་།  དེ་ནི་བོད་ཀྱི་དགོན་སྡེ་ཁག་ཏུ་ད་དུང་ཡོངས་ཁྱབ་ངང་ཉར་ཚགས་བྱས་པའི་གཙགས་གྲུབ་ཐང་གའི་ལུགས་ཁྲོད་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པའི་གྲས་ཤིག་ཡིན་པ་དང་།  དེ་གོང་སྔ་ཕྱི་བར་གསུམ་དུ་ཁྱིམ་རྒྱུད་དབར་རྒྱུན་འཛིན་བྱེད་སྟངས་ཐོག་ནས་དར་ཁྱབ་བྱུང་ཡོད་ཅེས་ངོ་སྤྲོད་བྱས། 

གཙགས་གྲུབ་ཐང་གའི་རྒྱུན་འཛིན་པ་ཞིག་ཡིན་པའི་མིག་དམར་ཚེ་རིང་གིས་ཐོབ་ཐང་དེ་ཡོང་འབབ་གསོག་པའི་མ་རྩ་ཞིག་ཏུ་བརྩི་གི་མེད་པར་ལོ ༣༧ ལ་སླེབས་ཅིང་།  ཤ་རིད་ཙམ་ཡིན་པའི་སྐྱེས་པ་དེ་ལས་ཀ་དེར་རྦད་དེ་དབྱིངས་ཞུགས་པ་མཐོང་ཐུབ།  ལོ ༢༠ ཡི་གོང་དུ་ཁོང་གཅིག་པུས་ལྷ་སར་མཛེས་རྩལ་སློབ་སྦྱོང་བྱེད་པར་བསྐྱོད་ནས།  རི་མོ་ལོ ༦ དང་འཇིམ་སྐུ་བཞེངས་སྟངས་ལོ ༣ སྦྱངས་རྗེས།  རང་ཉིད་ཀྱིས་ཇུས་འགོད་བྱས་ཏེ་བཞེངས་པའི་གཙགས་གྲུབ་ཐང་ག་ཕྱོགས་བཞི་མཚམས་བརྒྱད་དུ་སྐད་གྲགས་ཆོད་ཅིང་།  མིག་དམར་ཚེ་རིང་གི་སྐད་ཆའི་ཐོག་ནས་བཤད་ན་དེ་ནི་གསར་གཏོད་ཅིག་རེད། 

མིག་དམར་ཚེ་རིང་གི་ཐང་ག་བཞེངས་ཁང་དེར་མཛེས་རྩལ་རིག་པའི་ངོས་ནས་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་གྱི་བསམ་པའི་རིན་ཐང་མཚོན་པ་ཙམ་ཁོ་ན་མིན་པར་།  ཁོང་གི་གམ་དུ་ཡོན་ཏན་སྦྱོང་བར་ཡོང་མཁན་མང་པོ་ཡོད་མོད།  ཉམས་ཞན་ཚོགས་སྤྱིར་རོགས་རམ་བྱེད་ཆེད་ལོ་རབས ༩༠ པའི་ལོ་མཇུག་ནས་ལག་ཤེས་བཟོ་ཁང་དེས་སྔ་ཕྱི་བར་གསུམ་དུ་ལས་སྒུག་གཞོན་ནུ་དང་དབང་པོ་སྐྱོན་ཅན།  དྭ་ཕྲུག་སོགས་དགེ་ཕྲུག་ཏུ་བསྡུས་ནས་ད་ཆ་དགེ་ཕྲུག ༡༣ ཡོད་པ་དང་།  ཁོང་གིས་དེ་ནི་དེ་བས་དོན་སྙིང་ལྡན་པའི་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་པའི་ངོས་འཛིན་གྱི་ཡོད་པ་རེད། 

མིག་དམར་ཚེ་རིང་གིས་རང་ཉིད་ལ་ཇུས་འགོད་བྱས་པའི་ཕུགས་འབྲས་ཡག་ཤོས་ནི།  རང་ཉིད་ཀྱིས་ལས་ཀ་མ་ཐུབ་པའི་བར་དགེ་ཕྲུག་བསྡུས་ཏེ་ཐང་ག་འབྲི་རྒྱུ་དེ་རེད།  འོན་ཀྱང་ཤ་རིད་པའི་ལྷ་བྲིས་བ་དེས་ཀྱང་ལག་རྩལ་རྒྱུན་འཛིན་བྱ་རྒྱུ་དེ་ད་ཆ་གཙགས་གྲུབ་ཐང་གའི་སྒྱུ་རྩལ་ལ་འཕྲད་པའི་གནད་དོན་ཞིག་ཡིན་པའི་ཁས་ལེན་གྱི་ཡོད།  ཡུལ་གྲུ་གང་སར་བསྐྱོད་མྱོང་བ་དང་སྤྱི་ཚོགས་ཀྱི་གང་ཅིའི་གནས་ཚུལ་ཤེས་རྟོགས་ཐུབ་པའི་མིག་དམར་ཚེ་རིང་གིས་སློབ་ཁྲིད་ཐད་གཙགས་གྲུབ་ལག་རྩལ་འཆད་ཁྲིད་བྱེད་པ་ཁོ་ན་མིན་པར།  དེ་བས་གལ་ཆེ་བ་ནི་སློབ་མ་ཚོའི་མཛེས་རྩལ་རྨང་གཞི་དང་།  མཛེས་དཔྱད་ནུས་པ་གསོ་སྐྱོང་བྱེད་ཀྱི་ཡོད་པ་དེ་ནི་དེང་དུས་སྒྱུ་རྩལ་སློབ་གསོའི་འདུ་ཤེས་དང་དེ་བས་ཉེ་བའི་བྱེད་སྟངས་ཤིག་རེད།།

  ༼  ཤིང་གྲོགས་པས་སྒྲིག་ཞུས་བྱས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]