གསར་རྩོམ་ཟློས་གར་ཐུན་མོང་གི་ཁྱིམ་གཞིས་ཞེས་པ་ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་འབྲིང་གཉིས་པར་འཁྲབ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་།      སྤེལ་དུས།   2019-05-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ ཚེས ༡༤ ཉིན་གྱི་དགོང་མོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་ཁྱད་འཕགས་སྒྱུ་རྩལ་སློབ་གྲྭར་སྤེལ་ཞེས་པའི་བྱེད་སྒོའི་ཁྲོད།  གསར་རྩོམ་ཟློས་གར་ཐུན་མོང་གི་ཁྱིམ་གཞིས་ཞེས་པ་ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་འབྲིང་གཉིས་པར་འཁྲབ་ནས་སློབ་གྲྭའི་དགེ་སློབ་ཚོར་ངོ་མཚར་ཆེ་བའི་སྟོན་མོ་ཞིག་བཤམས་ཡོད།

 

ཟློས་གར་དེའི་ནང་།  དུས་ཡུན་རིང་པོའི་ནང་ཆིང་སྲིད་གཞུང་གི་ཆབ་སྲིད་རུལ་སུངས་དང་སྒོ་རྒྱག་བཀག་བསྡོམས་བྱས་པའི་དབང་གིས་སྤྱི་ལོ ༡༨༤༠ ནས ༡༨༤༢ ལོའི་བར་གྱི་ཉལ་ཐ་དམག་འཁྲུག་ཐེངས་དང་པོའི་སྐབསརྒྱལ་ཁབ་ཉམས་ཞན་དང་དམག་དོན་རྗེས་ལུས་ཡིན་པས།  དབྱིན་ཇི་བཙན་འཛུལ་བས་ཉལ་ཐ་བཙོངས་ནས་ཁེ་ཕན་རག་ཆེད་དམག་གྲུ་དང་མེ་སྒྱོགས་ལ་བརྟེན་ནས་གནའ་བོའི་རྒྱལ་ཁབ་དེའི་སྒོ་མོ་ཕྱེ་ནས་ཁྱིམ་གཞིས་རྩ་གཏོར་དུ་གཏོང་བ་དང་མི་བསད་རྟ་ཁྱེར་གྱི་ལས་ངན་བརྩམས་ཡོད།  ཉམས་ཉེན་གྱི་མཚམས་འདིར།  ཆིང་གོང་མ་ཇན་ལུང་ཁྲི་ལོའི་སྐབས་བཙུགས་ཤིང་ཕ་ཚབ་བུ་འཛིན་ཆོག་པའི་བོད་ཀྱི་སྡེ་དཔོན་དྲུག་པའི་དམག་དཔུང་གི་དཔའ་བོ ༢༠༠༠ ལྷག་ཙམ་གྱིས་ལ་བརྒྱབ་ཀླུང་བརྒལ་བྱས་ཏེ་ལེ་དབར་སྟོང་གི་སར་གནས་པའི་ཉིང་པོའོ་གྲོང་དུ་སྐྱོད་དེ།  དེ་གར་ཡོད་པའི་དར་མཚོན་སྣེ་བརྒྱད་དམག་དང་སྒར་ལྗང་དམག་སོགས་དང་མཉམ་འཛོམས་བྱས་ཏེ།  བོད་དམག་ཚོས་དཔའ་ངར་ཞུམ་མེད་ངང་རྒྱ་རིགས་དང་མན་ཇུ་རིགས།  སོག་རིགས།  ཆང་རིགས་སོགས་མི་རིགས་སྤུན་ཟླའི་དམག་དང་མཉམ་དུ་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དམག་འཐབ་ནང་ཞུགས་ཡོད།  འོན་ཀྱང་བོད་དམག་གི་གོ་མཚོན་རྗེས་ལུས་ཡིན་པས་ཚང་མ་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཤོར་ནས་དཔའ་བོའི་སྐྱོ་གླུ་ལྷང་ལྷང་ལེན།  སྡེ་དཔོན་གྱི་བུས་དཔའ་བོ་ཚོའི་ལྕང་ལོ་བོད་དུ་འཁྱེར་ནས་རྣམ་ཤེས་རང་ཡུལ་ཕྱོགས་སུ་འཕོ་ཞིང་རྗེས་འཇུག་ལེགས་པོ་ཞིག་ཡོང་ཐབས་བྱས་པ་མངོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཐུན་མོང་གི་ཁྱིམ་གཞིས་ཞེས་པའི་ཟློས་གར་དེ་ནི་སྤྱི་ལོ ༢༠༡༥ ལོར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་དཔར་སྐྲུན་བྱས་ཤིང་།  བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ཐོག་མར་འཁྲབ་སྟོན་བྱས་པའི་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་མངོན་པའི་གཏམ་བརྗོད་ཟློས་གར་ཞིག་ཡིན།  སྔ་རྗེས་སུ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་ཀྱི་རོགས་སྐྱོར་ཐེངས་གཉིས་ཐོབ་མྱོང་བ་དང་།  པེ་ཅིང་དང་ཧྲང་ཧེ་སོགས་སུ་བསྐྱོད་ནས་འཁྲབ་སྟོན་ཐེངས་མང་བྱས་པར་ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་དང་རིམ་ཁག་འགོ་ཁྲིད་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།  འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་ཟློས་གར་དེས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་ཧྲང་ཧེར་གཉེར་རྒྱུའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་ནང་ཞུགས་རྒྱུ་རེད།  ལག་བསྟར་འཁྲབ་ཁྲིད་པ་ཉི་མ་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ཟློས་གར་དེ་གསར་རྩོམ་འཁྲབ་སྟོན་བྱེད་མཁན་ཚོགས་པས་ཟླ་བ་གཅིག་ལྷག་ཙམ་རིང་བསྒྱུར་བཟོ་ལེགས་བཅོས་དང་རིམ་སྤོར་བྱས་པ་བརྒྱུད་ཟློས་གར་དེའི་གར་སྟེགས་ཀྱི་མཛེས་ཉམས་དང་མི་སྣའི་སྐད་ཆ།  ནང་དོན་གྱི་གྲུབ་ཆ་བཅས་ཚང་མའི་ཐད་ལེགས་སྒྲིག་འབོར་ཆེན་བྱས་ཡོད་ལ།  གར་སྟེགས་ཀྱི་གློག་འོད་དང་འགུལ་སྟངས་སོགས་ཀྱི་ཐད་ནས་ཀྱང་རམ་འདེགས་གང་ལེགས་བྱས་ཡོད་པས་གཟིགས་མོ་བར་རྣམ་ཀུན་དང་མི་འདྲ་བའི་མིག་གི་མཐོང་སྣང་ཞིག་སྟེར་གྱི་ཡོད།

ཐུན་མོང་གི་ཁྱིམ་གཞིས་ཞེས་པའི་ཟློས་གར་དེའི་འཁྲབ་སྟོན་པའི་རྩེར་སོན་གྱི་འཁྲབ་རྩལ་དང་།  སྔོན་ཐོན་གྱི་གར་སྟེགས་ལག་རྩལ་བཅས་ལས་ལྟད་མོ་བར་གློག་བརྙན་ལྟས་པ་ལྟ་བུའི་མྱོང་ཚོར་སྦྱིན་ཡོད་ལ།  བོད་རིགས་དཔའ་བོ་ཚོའི་ཡིད་སྐྱོ་ཞིང་དཔའ་ངར་ལྡན་པའི་སྣང་ཚུལ་དེས་ལྟད་མོ་བའི་ཡིད་དབང་བཀུག་ཡོད་ལ་སྐྱོ་སྣང་ཆེ་སར་སླེབས་དུས་མིག་ཆུ་ཡང་དབང་མེད་དུ་ཤོར་གྱི་ཡོད།  ལས་རིགས་ལག་རྩལ་སློབ་འབྲིང་གཉིས་པའི་པ་སངས་དོན་གྲུབ་ཀྱིས་གཏམ་བརྗོད་ཟློས་གར་ལ་བལྟས་རྗེས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།  སྔོན་གཤེགས་དཔའ་བོའི་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་རྒྱལ་གཅེས་སྤྲོ་བ་མྱོང་ཚོར་ཡང་ཟབ་མོ་བྱུང་།  དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ཕུགས་བསམ་བརྟན་པོ་འཛུགས་པ་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན།  དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།  འབད་འཐབ་བྱེད་ཕོད་པ།  དུས་རབས་གསར་པའི་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]