您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༡༥ ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་བུའི་ཐོག་སྒྲིག་འགལ་ངང་རླངས་འཁོར་གཞན་དག་སྐྱོད་པ་སོགས་ལ་པར་རྒྱག་འགོ་ཚུགས་ཤིང་། པར་རྒྱག་པའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད ༧ ནས ༡༠ པའི་བར་དང་ཕྱི་དྲོའི་ཆུ་ཚོད ༥ པ་ནས ༨ བར་ཡིན་པ་དང་། ཡིན་ནའང་། གཟའ་སྤེན་པ་དང་ཉི་མ། དེ་བཞིན་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་ངལ་གསོའི་རིང་འཁོར་རིགས་གཞན་ཆེད་སྤྱོད་ལམ་བུའི་ཐོག་སྐྱོད་ཆོག
ཚོད་ལྟའི་འཁོར་སྐྱོད་བྱེད་རིང་སྤྱི་སྤྱོད་རླངས་འཁོར་ཆེད་སྤྱོད་ལམ་བུའི་ཐོག་འཁོར་རིགས་གཞན་སྐྱོད་ནས་པར་བརྒྱབ་ཚེ་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་ཚན་པས་ཆད་པ་སྤྱོད་རྒྱུ་མིན་པ་དང་། ཡིན་ནའང་སྨྱན་སྦྱོར་ཚན་པ་བརྒྱུད་བརྡ་ཁྱབ་བཏང་སྟེ་ཉེན་བརྡ་གཏོང་རྒྱུ་ཡིན་པས། རྒྱ་ཆེའི་ཁ་ལོ་བ་རྣམས་ནས་མོ་ཊ་གཏོང་གིན་ཁ་པར་རྒྱག་པ་དང་ཐ་མ་འཐེན་པ། སྲུང་ཐག་མི་རྒྱག་པ། ཁ་ལོ་བའི་གཡས་ཀྱི་སྡོད་སར་ཕྲུ་གུ་འཇོག་པ་སོགས་བྱེད་མི་རུང་བ་དང་། ཚོད་ལྟའི་འཁོར་སྐྱོད་བྱེད་རིང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་བུའི་སྒྲིག་ཁྲིམས་ལ་སྲུང་བརྩི་ཞུ་རྒྱུ་གོམས་གཤིས་ཞིག་ཆགས་པ་བྱས་ནས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་ཐུན་མོང་ཐོག་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་གཏོད་དགོས།།