您没有安装FlashPlayer或版本太低, 请点击获得最新版本FlashPlayer
དུས་ཡུན་ཉིན་གསུམ་བྱས་པའི་རྒྱུད་གཅིག་ལམ་གཅིག་གི་ཀྲུང་ནེ་དབར་གྱི་རྒྱལ་སྤྱིའི་ལས་ཞོར་ཕྱིང་པ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སྐབས་གཉིས་པ་སྤྱི་ཟླ་བཅུ་པའི་ཚེས ༢༡ ཉིན་གྱི་ཕྱི་དྲོ་ལྷ་ས་སྣེའུ་གྲོང་གསར་དུ་མཇུག་སྒྲིལ་བ་རེད། བོད་ལྗོངས་རུ་ཁག་གིས་ད་ཐེངས་འགྲན་བསྡུར་ཐོག་མཉམ་སྡེབས་ཀྱི་བྱ་དགའ་ཨང་དང་པོ་ལེན་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ ༢༠༢༠ ལོར་འགྲན་བསྡུར་བྱེད་སྒོ་འདི་ནེ་པ་ལའི་གྲོང་ཁྱེར་གཉིས་པ་ཕོ་ཁའ་རར་སྤེལ་རྒྱུ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ཐོག་ནེ་པ་ལའི་ཀ་ཏ་མན་ཏུ་རྩྭ་ཐང་ཕྱིང་པ་སྤོ་ལོ་སྤྲོ་སྐྱིད་ཁང་ལ་མཉམ་སྡེབས་ཀྱི་ཨང་གསུམ་པ་ཐོབ་ཡོད། ནེ་པ་ལའི་རུ་སྣེ་འཁྲིད་མཁན་ག་རི་མུའུ་ལ་རྨུ་སེ་ལིམ་གྱིས། ལྷ་སར་སྡོད་རིང་ང་ཚོར་སྣེ་ལེན་གཟབ་རྒྱས་ཐོབ་བྱུང་ལ་འདོད་བློ་མཐུན་པའི་གྲོགས་པོ་ཡང་མང་པོ་ངོ་ཤེས་བྱུང་བས་ང་ཚོ་ཚང་མ་ཧ་ཅང་དགའ་པོ་བྱུང་། ལྷག་པར་དུ་ནེ་པ་ལ་རྒྱལ་ཁབ་ཕྱིང་པ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་ཕྱིང་པ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་དབར་ཐོག་མའི་འདོད་ཐུན་བྱུང་སྟེ། སྤྱི་ལོ ༢༠༢༠ ལོ་ནས་བཟུང་ཕྱོགས་གཉིས་པོས་འགྲན་བསྡུར་རྣམ་གྲངས་འདི་རེ་མོས་བྱས་ནས་གཉེར་རྒྱུ་ཡིན་པས། སང་ལོར་སྤྱིན་བདག་གི་མིང་ཐོག་ནས་མུ་མཐུད་ཕྱིང་པ་སྤོ་ལོར་དགའ་པོ་བྱེད་མཁན་ཀྲུང་གོ་བ་དང་བགྲོ་གླེང་སྤེལ་རེས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཕྱོགས་གཉིས་པོའི་དབར་ཕྱིང་པ་སྤོ་ལོ་ཕུད་པའི་དེ་མིན་གྱི་བྱེད་སྒོ་མང་པོ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་ཐེབས་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བཤད།
བོད་རང་སྐྱོང་ལྗོངས་ཕྱིང་པ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ་ཡང་ཅེ་ཡིས་ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད་ཀྲུང་ནེ་ཕྱོགས་གཉིས་པོའི་དམངས་ཁྲོད་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་པ་མ་ཟད། ཀྲུང་ནེ་དབར་གྱི་རིག་གནས་ལུས་རྩལ་སྤེལ་རེས་དང་མཛའ་གྲོགས་ཀྱི་ལེའུ་གསར་པ་ཡང་གཏོད་ཡོད་ཅེས་བཤད།།