མངོན་མིན་ཤུལ་བཞག་རིག་གནས་ལ་རོལ་ཏེ་ལོ་གསར་པ་བསུས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   འཇམ་དབྱངས་སྒྲོལ་མ།      སྤེལ་དུས།   2020-01-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༡༣ ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱིས་སྤྱི་ལོ ༢༠༢༠ ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོའི་ཐོག་ནང་མ་སྟོད་གཞས་འཁྲབ་སྟོན་དང་ལོ་གསར་གྱི་ཆ་ཡིག་བཀྲ་ཤིས་སྨོན་ཚིག་འབྲི་བ།  ཚགས་པར་གྱི་ཨང་རྟགས་ལེན་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱ་བ་སྤེལ་ནས།  དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་ཆེད་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་གཏོད་ཡོད།

ནང་མ་སྟོད་གཞས་ཀྱི་འཁྲབ་སྟོན་པ་ལྷ་ཆུང་ནས།  ང་ནང་མ་སྟོད་གཞས་ལ་ཧ་ཅང་དགའ་པོ་ཡོད།  རྒན་ཡོལ་ཞུས་རྗེས་ང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ནང་མ་སྟོད་གཞས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱས་པ་ཡིན།  དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ་བྱེད་སྒོ་དེར་ཞུགས་ཐུབ་པ་དང་བསྟུན་ནས་རྒྱ་ཆེའི་གཟིགས་མོ་བར་ལོ་གསར་གྱི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་བཤད།།

བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་བཀྲ་ཤིས་དོན་གྲུབ་ཀྱི་སྨྱུག་རྩེ་ལས་ཐོན་པའི་སྣག་ཚའི་དྲི་ཞིམ་འཐུལ་བའི་ལོ་གསར་གྱི་སྨོན་ཚིག་རེ་རེས་སྐུ་མགྲོན་གྱི་ཡིད་དབང་བཀུག་ཡོད།  ཁོང་གིས་བྱེད་སྒོ་དེ་རིགས་སྤེལ་བ་བརྒྱུད་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུ་བ་དང་ཆབས་ཅིག  གནའ་བོའི་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་ལ་ཚང་མས་དོ་སྣང་ཐུབ་པ་བྱས་ཏེ་མངོན་མིན་ཤུལ་བཞག་རིག་གནས་མི་ཉམས་གོང་འཕེལ་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།།

བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། དབུ་འཛིན་དབྱངས་ཅན་སྒྲོལ་དཀར་གྱིས་ད་ཐེངས་ཀྱི་བྱེད་སྒོར་བརྟེན་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་ཐུབ་པ་མ་ཟད།  མང་ཚོགས་ཚང་མས་རིག་གནས་འཛུགས་སྐྱོང་ནང་ཞུགས་པའི་སྤྲོ་སེམས་ཀྱང་སྐོང་འཐེན་གང་ལེགས་ཐུབ་ཡོད།  ང་ཚོས་མུ་མཐུད་བྱེད་སྒོ་དེ་རིགས་སྤེལ་ནས་མང་ཚོགས་ཚོའི་རིག་གནས་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་ཏེ།  ཁོང་ཚོའི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]