སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཞོན་ནུའི་མྱུར་སྐྱེལ་པ་སྒྲིག་འཛུགས་བྱས་ཏེ་ནད་ཡམས་འགོག་ཟོན་དམག་འཐབ་ལ་རམ་འདེགས་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   གཡང་སྒྲོལ།      སྤེལ་དུས།   2020-03-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་བསྟུན་ནས་བོད་དུ་ཕྱིར་ལོག་བྱེད་མཁན་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད།  ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཁོངས་གཏོགས་ཀྱི་ཁེ་ལས་དང་ཨར་ལས་འཛུགས་སྐྲུན་བྱེད་ཡུལ།  ཁྲོམ་གཞུང་སྡེ་ཁུལ་བཅས་སུ་གནས་སྐབས་ལོགས་དབྱེ་བྱས་པའི་མི་སྣ་ཡང་མང་དུ་འགྲོ་བཞིན་ཡོད།  ལོགས་དབྱེའི་མི་སྣར་ཞབས་ཞུ་སྒྲུབ་མཁན་མང་དུ་གཏོང་བ་དང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་ཆེད།  སྟོད་ལུང་བདེ་ཆེན་ཆུས་ཤེས་དཔལ་གཞུང་དོན་ཁང་དང་སྡེ་ཚོགས་ཆུས་ཨུད་ཀྱིས་གཞོན་ནུའི་མྱུར་སྐྱེལ་ཆེད་དོན་དང་བླངས་པའི་དཔུང་ཁག་ཅིག་བཙུགས་ནས།  གཅིག་སྡུད་ལོགས་དབྱེ་དང་ཁྱིམ་སྡོད་ལོགས་དབྱེ།  ཁེ་ལས་ལོགས་དབྱེ།  དེ་མིན་རྣམ་གྲངས་ཨར་སྐྲུན་ལས་ཡུལ་དུ་ལོགས་དབྱེ་བཅས་བྱས་པའི་མི་སྣར་དྲོད་ཚད་འཇལ་བ་དང་།  བཟའ་བཅའ་དང་སྨན་རྫས་སོགས་ཉོ་རོགས་དང་སྐྱེལ་རོགས་ཀྱི་ཞབས་ཞུ་སྤེལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀག་འགོག་དམག་འཐབ་ལ་རམ་འདེགས་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་དུ་འཚོ་ཞིང་ཤཱ་མོན་ཅི་མེའི་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སློབ་མ།  གཞོན་ནུའི་མྱུར་སྐྱེལ་ཆེད་དོན་དང་བླངས་པའི་དཔུང་ཁག་ཁྲོད་ཀྱི་ཁོངས་མི་པད་མ་ཆོས་ལྡན་གྱིས།  ངས་ཕ་ཡུལ་དུ་རིམས་ནད་འགོག་རྒོལ་ལས་ཀའི་ནང་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་སྒྲུབ་རྒྱུ་བྱུང་བ་དེ་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད་བསམ་གྱི་འདུག  ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ཚེ་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།

གསོ་རིག་ཆེད་ལས་ཀྱི་ཕུན་ཚོགས་སྒྲོལ་དཀར་ནི་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ཞིག་ཡིན་ལ་གུང་ཁྲན་ཏང་ཡོན་ཞིག་ཀྱང་རེད།  སྤྱི་ཟླ ༣ ཚེས ༩ ཉིན་ནས་བཟུང་ཁོ་མིས་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ནང་ས་ནས་སྟོད་ལུང་བདེ་ཆེན་ཆུས་སུ་ལོག་ཡོང་མཁན་ཚོའི་ཆ་འཕྲིན་ཐོ་བཀོད་ལས་ཀའི་ནང་ཞུགས་ཡོད།  དང་བླངས་པའི་རོགས་པ་གཞན་ཚོ་དང་མཉམ་དུ་ཞོགས་པའི་ཆུ་ཚོད་བཅུ་པ་ནས་ལས་འགོ་བཙུགས་ཀྱི་ཡོད་པ་དང་ལས་མཇུག་སྒྲིལ་དུས་གཏན་འཁེལ་མེད།  སྐབས་རེ་ཐོ་རེངས་ཆུ་ཚོད་གསུམ་པ་བར་ལས་ཀ་བྱེད་དགོས་ཀྱི་ཡོད།  ཕུན་ཚོགས་སྒྲོལ་དཀར་ནས་ང་རང་གསོ་རིག་གི་ཞིབ་འཇུག་སློབ་མ་ཞིག་ཡིན་པའི་ངོས་ནས།  ཧྲའུ་ཀང་སྨན་ཁང་དུ་དངོས་སྦྱོང་བྱེད་མཁན་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུ་མ་ཟད།  གསོ་རིག་སྦྱོང་བའི་ཐོག་མའི་བསམ་འདུན་དང་སྨན་པའི་འགན་འཁྲི་བརྟན་སྲུང་བྱས་ཐོག་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་འཇོན་ཐང་རྒྱས་ཐུབ་པ་བྱས་ནས་ཕ་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སྟོད་ལུང་བདེ་ཆེན་ཆུས་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཝང་ཏཱན་ཏཱན་ནས།  དང་བླངས་པ་ཚོ་ལས་གནས་ཐོག་མ་སྐྱོད་གོང་ང་ཚོས་ཚན་རིག་དང་མཐུན་པའི་སྦྱོང་བརྡར་སྤྲད་པ་དང་།  དེ་རྗེས་གཞི་ནས་གཅིག་མཇུག་གཉིས་མཐུད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་ཡོད།  རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་ལྟས་མོ་བ་མེད་པར་ཚང་མ་འཐབ་འཛིང་པ་ཡིན་པས།   ཁོ་ཚོས་སྟོད་ལུང་བདེ་ཆེན་ཆུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ཡོད་ལ།  རིམས་ནད་མཐར་ཕྱིན་མ་བྱུང་གོང་གཞོན་ནུ་དང་བླངས་པ་ཚོས་ཕྱིར་འཐེན་མི་བྱེད་པའི་ཡིད་ཆེས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ་གསུམ་པའི་ཚེས ༢ ཉིན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་སྡེ་ཚོགས་ཆུས་ཨུད་ཀྱིས་དང་བླངས་པ་བསྡུ་རྒྱུའི་བརྡ་ཁྱབ་བཏང་བ་ནས་བཟུང་།  ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་དང་ལས་གཏོད་གཞོན་ནུ།  ལས་བྲེལ་ཆུང་བའི་མི་སྣ་སོགས་ད་བར་ཁྱོན་མི་གྲངས ༦༩ ཡིས་དང་བླངས་པར་ཐོ་བཀོད་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]