རང་ལྗོངས་ཀྱིས་ཐབས་མང་མཉམ་བཟུང་ངང་གཙང་པོ་དང་མཚེའུ་ཡི་དོ་དམ་ལ་སྐུལ་འདེད་ཏན་ཏིག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་ཐབས་མང་མཉམ་བཟུང་ངང་གཙང་པོ་དང་མཚེའུ་ཡི་སྐོར་ཞིབ་དང་དོ་དམ།  སྲུང་སྐྱོབ།  བཅོས་སྐྱོང་བཅས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་གཙང་པོ་དང་མཚེའུ་ཡི་བཅོས་སྐྱོང་སྲུང་སྐྱོབ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་བ་བྱས་ནས་གཙང་པོ་དང་མཚེའུ་ཡི་ཁོར་ཡུག་ལེགས་བཅོས་ནུས་ལྡན་ཡོང་བ་བྱས་པས།  གཙང་པོ་དང་མཚེའུ་ཡི་ཆུའི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད།  དེང་སྐབས་རང་ལྗོངས་མངའ་ཁོངས་སུ་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ ༥༠ ཡན་ཟིན་པའི་གཙང་པོ ༦༤༡༨ ཡོད་པའི་སྤྱིའི་རིང་ཚད་སྤྱི་ལེ་ཆིག་འབུམ་བདུན་ཁྲི་ལས་བརྒལ་གྱི་ཡོད་ཅིང་།  མཚེའུ་ཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི ༢.༨༩ ཟིན་པ་དེས་རྒྱལ་ཡོངས་མཚེའུ་ཡི་རྒྱ་ཁྱོན་གྱི་བརྒྱ་ཆ ༣༠ ཙམ་ཟིན་གྱི་ཡོད།

ཉེ་བའི་ལོའི་རིང་།  རང་ལྗོངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབ་དང་རིམ་པ་བཏོན་སྟེ་གཙང་པོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས།  ཆུ་ལོག་སྔོན་འགོག་དང་ཆུ་དཔྱད་ཞིབ་དཔྱད་ཚད་ལེན།  ཆུ་དཔྱད་ས་གཤིས་ལྟ་ཞིབ་ཚད་ལེན་བཅས་ཀྱི་སྒྲིག་ཆས་གཏོར་སྐྱོན་ཕོག་རྒྱུར་སྔོན་འགོག་ཐུབ་ཡོད།  ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོབ་སྲོལ་ཡིག་ལ་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱས་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ནས་ཉེ་དུས་ཡོངས་བསྒྲགས་བྱས་ཐོག་སྤྱི་ལོ ༢༠༡༩ ལོའི་ཟླ ༩ པའི་ཚེས་གཅིག་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན།  དེ་ནི་ཡར་འབྲོག་གཡུ་མཚོའི་ལོ་རྒྱུས་ཐོག་གི་ཆེས་ནན་ཤོས་ཀྱི་སྲུང་སྐྱོབ་བྱ་ཐབས་ཤིག་རེད།  ན་ནིང་ནས་བཟུང་།  རང་ལྗོངས་ཀྱིས་ཆུ་དཔོན་དང་མཚེའུ་དཔོན་ཁྲི ༡.༣ ལྷག་ཙམ་བཀོད་སྒྲིག་བྱས་པ་དང་རིམ་ལྔའི་ཆུ་དཔོན་དང་མཚེའུ་དཔོན་མ་ལག་བཙུགས་ཡོད།  ད་ལོའི་ལོ་སྟོད་དུ།  རང་ལྗོངས་ཀྱིས་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་དང་སྤྱོད་གོ་ཆོད་པའི་བྱ་ཐབས་འཚོལ་ཞིབ་བྱས་ཏེ།  ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་རང་ལྗོངས་སུ་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

ཆུ་དཔོན་དང་མཚེའུ་དཔོན་གྱི་ལས་ཀ་གཙོ་བོ་ནི་རང་ལྗོངས་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོབ་དང་ལྟ་སྐུལ་ཞིབ་བཤེར།  དཔྱད་གླེང་།  དྲིལ་བསྒྲགས་སོགས་ཀྱི་ལས་ཀའི་ནང་ཞུགས་པ་དང་གཙང་པོ་དང་མཚེའུར་སྐོར་ཞིབ་བྱས་ནས་དང་བླངས་འགན་སྒྲུབ་བྱ་རྒྱུ་དེ་རེད།  ལྷ་ས་གྲོང་ཁྱེར་གྱིས་ཆུ་དཔོན་དང་མཚེའུ་དཔོན་ནས་ཟླ་རེར་ཆུ་དང་མཚེའུ་ལ་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཉུང་མཐར་ཡང་ཐེངས་གཅིག་སྤེལ་དགོས་པ་དང་།  ཆུ་དང་མཚེའུ་ཡི་ཁོངས་གཏོགས་ཁུལ་དབར་ཆ་འཕྲིན་སྤེལ་རེས་སྦྲེལ་མཐུད་དང་མཉམ་འགུལ་གྱི་ལམ་སྲོལ་བཙུགས་ཏེ།  དུས་ཐོག་ཏུ་གནས་ཚུལ་གོང་ཞུ་བྱེད་པ་མ་ཟད་ལས་དོན་སྤེལ་ཚུལ་ལ་གཞིགས་ནས་དཔྱད་ཞིབ་བྱེད་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད།  དེང་སྐབས།  ལྷ་ས་གྲོང་ཁྱེར་གྱིས་ཐག་ཉེ་ས་དང་སྟབས་བདེ་སའི་རྩ་དོན་ཐོག་ནས་གྲོང་མིའི་ཁྲོད་ཆུ་དཔོན ༥༥ བསྡུ་བཞིན་ཡོད།

རིམ་ཁག་ཆུ་དཔོན་དང་མཚེའུ་དཔོན་གྱིས་འགན་འཁྲི་སྔར་བས་ལེགས་པ་སྒྲུབ་ཆེད།  ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་ཤང་༼གྲོང་རྡལ༽རིམ་པའི་ཆུ་དཔོན་དང་མཚེའུ་དཔོན་ལས་ཀའི་སྐད་འཕྲིན་ཚོགས་པ་བཙུགས་ཏེ།  གོང་རིམ་ཆུ་དཔོན་དང་ཆུ་དཔོན་གཞུང་ལས་ཁང་གིས་དུས་ཐོག་ཏུ་འབྲེལ་ཡོད་གཙང་པོ་དང་མཚེའུ་ཡི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་མཐུན་རྐྱེན་སྦྱར་ཡོད།  ད་ལོའི་ཚུན་དུ།  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་གིས་ཆུ་དཔོན་དང་མཚེའུ་དཔོན་གྱི་ལམ་ལུགས་དང་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཟུང་འབྲེལ་བྱས་ཏེ།  དཔྱད་ཞིབ་དང་འགན་འཁྲི་བདའ་འདེད།  སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་ཚང་བཟོས་ཡོད།

གཙང་པོ་དང་མཚེའུ་ལ་སྔར་བས་དོ་དམ་དང་སྲུང་སྐྱོབ་བྱ་ཆེད་སྤྱི་ལོ ༢༠༡༨ ལོའི་ཟླ ༧ པའི་ཚེས ༢༠ ཉིན་ནས་བཟུང་།  རང་ལྗོངས་ཀྱིས་དུས་ཡུན་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གཙང་པོ་དང་མཚེའུ་ཡི་སྲུང་སྐྱོབ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐད་ཆེད་དོན་གཙང་སེལ་དང་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན།  ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ ༡༠༠༠ ཡན་གྱི་གཙང་པོ་དང་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ ༡ ཡན་གྱི་མཚེའུ་ཚང་མར་ཡོངས་བཤེར་བྱས་ཟིན་ཡོད་པ་དང་།  རང་ལྗོངས་ཀྱིས་ད་དུང་གྲོང་གསེབ་དར་རྒྱས་ཐབས་ཇུས་ཀྱི་སྤྱིའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་གཙང་པོ་དང་མཚེའུ།  ཆུ་མཛོད།  ཆུ་རགས་བཅས་ཉེ་འགྲམ་གྱི་གད་སྙིགས་གཙང་སེལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ་མ་ཟད།  གྲོང་ཁྱེར༼ས་ཁུལ༽ཁག་ནས་གཙང་པོ་དང་མཚེའུ།  ཆུ་མཛོད།  ཆུ་རགས་བཅས་ཉེ་འགྲམ་གྱི་གད་སྙིགས་གཙང་སེལ་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ནས།  གད་སྙིགས་གཙང་སེལ་ལས་ཀའི་ལམ་སྲོལ་འཐུས་ཚང་འཛུགས་དགོས་པའི་བླང་བྱ་ཡང་བཏོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]