您没有安装FlashPlayer或版本太低, 请点击获得最新版本FlashPlayer
ད་ལོའི་ཚུན་དུ། རང་ལྗོངས་ཀྱིས་ལས་ཀ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པ། དཔལ་འབྱོར་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐབས་མང་མཉམ་བཟུང་ངང་ནོར་སྲིད་འཁོར་རྒྱུགས་བརྟན་པོ་ཡོང་བ་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་སྤྱི་ཟླ་དང་པོ་ནས་དྲུག་པའི་བར། ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར ༡༤༠.༣༤༤༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༠.༧ འཕར་བ་དང་། ལྗོངས་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར ༩༡༩.༣༨༥ ཟིན་ཏེ་ལོ་འགོའི་སྔོན་རྩིས་ཀྱི་བརྒྱ་ཆ ༤༦.༥༣ ཟིན་ཡོད།
ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར། རང་སྐྱོང་ལྗོངས་ཀྱི་ལོ་འགོའི་སྔོན་རྩིས་ནས་ཞིང་ལས་ཐད་མ་དངུལ་སྒོར་དུང་ཕྱུར ༡༩༡.༤༡ བཏང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར ༧༤.༤༥ བཏང་བ། ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཆེད་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར ༩.༥ ཟིན་པ་བཅས་བྱུང་ཡོད།
དེ་དང་ཆབས་ཅིག་རང་ལྗོངས་ནོར་སྲིད་ནས་ད་ལོའི་ཚུན་དུ། སློབ་གསོའི་ཐད་གྲོན་དངུལ་སྒོར་དུང་ཕྱུར ༢༡༢.༣༧ དོན་འཁྱོལ་བྱས་པའི་ནང་ལྗོངས་ཡོངས་ཀྱི་ལས་ཐོག་དགེ་རྒན་དང་ལས་བཟོ་པ ༦༠༠༠༠ ཙམ་ལ་གླ་ཕོག་ཐོབ་ཆ་སྒོར་དུང་ཕྱུར ༡༣༡.༩༨ དོན་འཁྱོལ་བྱས་པ་དང་། སློབ་གསོའི་འགན་ལེན་གསུམ་གྱི་མ་དངུལ་སྒོར་དུང་ཕྱུར ༢༥.༤༨ དོན་འཁྱོལ་བྱས་པས་སློབ་མ་ཁྲི་ཚོ ༦༤.༨༦ ལ་ཕན་པ་ཐོབ་ཡོད།
ད་ལོ་རང་སྐྱོང་ལྗོངས་ནོར་སྲིད་ནས་ལྗོངས་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར ༣ ལྷག་ཙམ་དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ་ཀྱི་ཚད་གཞི་དེ་སྒོར ༥༨༥ བར་མཐོ་རུ་བཏང་བ་མ་ཟད། ལྗོངས་ཡོངས་སུ་ཁྱོན་གཟུགས་པོ་བརྟག་དཔྱད་ཀྱི་ཆེད་སྤྱོད་གྲོན་དངུལ་སྒོར་དུང་ཕྱུར ༥.༦ ལྷག་ཙམ་དོན་འཁྱོལ་ཡང་བྱས་ཡོད།
དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་ནས་ལྟོས་བཅད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ་ཐོན་ལས་ཀྱི་འདེགས་སྐྱོར་དང་སྲིད་ཇུས་ཀྱི་ལྕག་སྐུལ། ལས་ཞུགས་འབབ་འཕར། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་གིས་ཐ་གྲས་སྐྱོང་བ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ཡོད། བསྡོམས་རྩིས་རྒྱབ་པར་གཞིགས་ན། ལོ་སྟོད་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནས་དབུལ་གྲོལ་འགག་སྒྲོལ་གྱི་སྒྲིལ་སྤྱོད་མ་དངུལ་སྒོར་དུང་ཕྱུར ༡༤༠.༩༤ དོན་འཁྱོལ་བྱས་ཡོད།།