རང་ལྗོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་ཚོ༤༡ལྷག་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-29

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་ངོས་ནས།  རང་ལྗོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད་ཅིང་།  དེང་སྐབས་རང་ལྗོངས་ཀྱི་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ ༤༡.༢༢ ཟིན་ནས་ལྗོངས་ཡོངས་སུ་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཡན་ཟིན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱལ་ཁབ་ཀྱིས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་རང་ལྗོངས་སུ་བྱང་ཐང་དང་དྭགས་པོ་རོང་ཆེན།  ཇོ་མོ་གླང་མ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ ༡༡ དང་།  རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ ༤  རྒྱལ་ཁབ་ས་གཤིས་སྤྱི་གླིང་ ༣  རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ ༩  རྒྱལ་ཁབ་འདམ་རའི་སྤྱི་གླིང་ ༢༢ སོགས་བསྐྲུན་ཡོད་པས་རིགས་ཁག་གི་རྩ་ཆེའི་རི་འཁྱར་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད་པ་མ་ཟད།  རྩ་ཆེའི་རི་འཁྱར་སྲོག་ཆགས་ཀྱི་རིགས་ཁྱུ་ཁག་ཅིག་ཀྱང་འཕེལ་ཡོད།

རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས།  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ ཡི་རིང་རང་ལྗོངས་ནས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར ༨༡༤ བཏང་སྟེ།  སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ནས།  རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཧུར་ཐག་བསྐྲུན་ཞིང་།  སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༢༡.༥ བཏང་ཡོད་ཅེས་གསུངས།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱུང་བ་དང་།  ཁྱོན་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད།  ཐུན་ཁུངས་བེད་སྤྱོད་ཀྱི་མཐོ་ཚད་བཅས་དབྱེས་པ་དང་།  སྐྱེ་ཁམས་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ ༥༣.༩ ཟིན་ནས་ལྗོངས་ཡོངས་སུ་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ ༤༥ ཟིན་ཡོད།  རྒྱལ་ཁབ་ས་ཆ་འཆར་འགོད་དང་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་བྱས་ནས།  རིགས་ཁག་གི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ ༢༢ བསྐྲུན་པས་སྐྱེ་ཁམས་སྔོན་འཇོག་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་རྣམ་པ་ཁྱོན་ཡོངས་ནས་ཆགས་ཡོད།

དེ་དང་ཆབས་ཅིག་སྤྱི་ལོ ༢༠༢༡ ལོའི་ཟླ་དང་པོར་གྲོས་འཆམ་བྱུང་བའི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་ནང་།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ཚན་པས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱེད་པ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞི་བྱེད་པ།  རིགས་ཁག་གི་རང་བྱུང་སྤྱི་གླིང་གི་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱས་ཏེ།  ཇོ་མོ་གླང་མ་དང་བྱང་ཐང་།  གདང་ལའི་བྱང་ཕྱོགས་བོད་ལྗོངས་ཁུལ་སོགས་ཁུལ་ཁོངས་དེ་རྒྱལ་ཁབ་སྤྱི་གླིང་གི་བཀོད་ཁྱབ་ནང་འཇུག་རྒྱུ་དང་།  མཚོ་བོད་ས་མཐོ་དེ་འཛམ་གླིང་གི་ཤུལ་བཞག་རང་བྱུང་དང་རིག་གནས་ཀྱི་རེ་ཞུའི་རྣམ་གྲངས་ལ་སྐུད་འདེད་གཏོང་རྒྱུ།  ས་གོ་ལའི་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་གྲོས་གཞི་བཏོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]