དབང་ཡང་གིས་རང་ལྗོངས་སུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་གིས་ཉེ་དུས་རང་ལྗོངས་སུ་བརྟག་ཞིབ་གནང་སྐབས།  མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་འགོ་འཛུགས་ས་དང་ཤུགས་རྒྱག་སར་དམ་པོར་བསྟུན་ནས།  ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་།  རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་བ་དང་ཚབས་ཆེའི་ཉེན་ཁ་འགོག་སེལ་མཐའ་གཅིག་ཏུ་བྱས་ཏེ།  བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་ཆེད་རྒྱུན་མཐུད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་གསུངས་གནང་བ་རེད། 
སྤྱི་ཚེས ༦ ནས་ཚེས ༨ ཉིན་བར།  དབང་ཡང་གིས་གཞིས་རྩེ་དང་ལྷ་ས་སོགས་ཀྱི་གནས་སྤོས་དབུལ་སྐྱོར་གྱི་གྲོང་གསར་དང་།  གྲོང་གསེབ།  འབྲོག་ཁུལ།  ཐོན་ལས་གླིང་ཁུལ།  ཆོས་ལུགས་བྱེད་སྒོ་སྤེལ་གནས་བཅས་སུ་བརྟག་ཞིབ་གནང་བ་མ་ཟད།  ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཀྱི་བསམ་འཆར་དང་གྲོས་འགོ་ཡང་གསན་གནང་བ་རེད།  ཁོང་ནས་ཉེ་བའི་ལོའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པ་དང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ངང་དཀའ་ཚེགས་ཆེ་ལ་ཞིབ་ཚགས་པའི་ལས་དོན་འབོར་ཆེན་བསྒྲུབས་ནས།  བྱ་གཞག་ཁག་ཕྱོགས་ཡོངས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བས་བོད་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་།  མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ།  སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པ་བཅས་དགའ་འོས་པའི་རྣམ་པ་ཐོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
དབང་ཡང་གིས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་འཛིན་ནས།  མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཏིང་ཟབ་སྒྲུབ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུར་མཐོང་ཆེན་བྱེད་པ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པ།  ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ།  མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས་བཅས་ཀྱི་ཁྱབ་རྒྱ་དང་གཏིང་ཟབ་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་འཛིན་ཏེ།  ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་ནས་དགོན་སྡེ་དང་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་དོ་དམ་བྱེད་པ་དང་།  ཆོས་ལུགས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུར་དེ་བས་ལེགས་པའི་སྒོ་ནས་ཁྲིད་སྟོན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
དབང་ཡང་གིས་ད་དུང་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།  མི་རིགས་ཁག་གི་མང་ཚོགས་ཀྱི་གོང་འཕེལ་གྱི་ཐེ་ཞུགས་བསམ་པ་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གོང་འཕེལ་གྱི་གྲུབ་འབྲས་དེ་མཐུན་སྒྲིལ་ཟབ་གཏོང་དང་མི་སེམས་གཅིག་སྒྲིལ་ཐོག་དོན་འཁྱོལ་ཐུབ་པ་བྱེད་པ།  བོད་ལྗོངས་ཀྱི་སློབ་ཞུགས་འགན་སྲུང་དང་འཐུང་ཆུའི་བདེ་འཇགས།  ནད་ཡམས་འགོག་ཟོན་བཅས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཏན་ཏིག་སྒྲུབ་པ་དང་།  སྤུས་ཚད་མཐོ་བའི་སྒོ་ནས་དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་གཅིག་ཀྱང་མི་ལུས་པར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱེད་པ་དང་།  དབུལ་ལོག་གཏན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ།  ཕྱོགས་ཡོངས་དབུལ་གྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་།  སློབ་གསོ་སྔོན་ལ་གོང་འཕེལ་དང་ཁྱད་ལྡན་ཁྱད་འཕགས་ཐོན་ལས་སྐྱེ་སྲིང་སོགས་བརྒྱུད།  རང་ངོས་གོང་འཕེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཐོག  དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་གྱི་སྐྱེ་ཁམས་ཤེས་དཔལ་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་དེ།  མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གཏོད་པ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
བརྟག་ཞིབ་གནང་རིང་།  དབང་ཡང་གིས་གཞིས་རྩེར་ཡོད་པའི་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མིར་འཚམ་འདྲི་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]