您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༢༣ པ་ལྷ་སར་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་དམ་པོར་བསྟུན་ནས། གསར་གཏོད་རང་བཞིན་ལྡན་པའི་ངང་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབས་དགོས་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་རོགས་འདེགས་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་དོགས་ཟོན་སྲོལ་ཡིག་འཆར་ཟིན་དང་། བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཉན་པ་དང་། སྙན་ཞུ་དེ་ཅུང་ཡག་པོ་བྱུང་ཡོད་པས་ད་རེས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད་ལ། གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ་གྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞིའི་གསལ་བཤད་ཉན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་འདེམས་བསྐོའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ལ་བཟོ་བཅོས་བརྒྱབ་པ་གཞིར་བཟུང་། གཙོ་བོ་འདེམས་བསྐོའི་ལས་ཀར་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མི་གྲངས་མང་དུ་གཏོང་རྒྱུ་སོགས་ཀྱི་གཏན་འབེབས་ཁ་སྣོན་བྱས་ཡོད།
ཚོགས་འདུའི་ཐོག གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་ཞིག་ཏུ་གཏོད་རྒྱུའི་སྲོལ་ཡིག་འཆར་ཟིན་དང་། གནས་སྐབས་གཏན་འཁེལ་མིང་ཐོའི་གྲོས་གཞིའི་གསལ་བཤད་ཉན་པ་དང་། སྲོལ་ཡིག་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ནས་བཏོན་པའི་ཁྲིམས་འཛུགས་མཛད་ཇུས་གལ་ཆེན་ཞིག་རེད།
ཚོགས་འདུའི་ཐོག ད་དུང་འཐུས་མི་ཁག་ཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས ༣ པའི་འཐུས་མིའི་གྲོས་འགོ་གཉེར་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་མ་ཟད་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་ཀྱང་བྱས་ཡོད།
ཚོགས་འདུའི་ཐོག་ད་དུང་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ཀྱང་བྱས་པ་རེད།།