您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉིན་ཤས་གོང་གསར་འགོད་པས་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་ཤས་བསྟུད་མར་རང་ལྗོངས་ཀྱི་ཚན་པ་ཁག་གིས་སེམས་ནུས་གཅིག་སྒྲིལ་ངང་ཏོག་གསར་གློ་ཚད་ཀྱི་ནད་ཡམས་ལས་ཐོན་པའི་ཤུགས་རྐྱེན་ངན་པར་ཁ་གཏད་གཅོག་ཆེད། བྱ་ཐབས་སྣ་ཚོགས་བཟུང་ནས་སླར་གསོའི་རང་བཞིན་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པས། ཚོང་དོན་གྱི་དཔལ་འབྱོར་དམིགས་ཚད་ཁག་ལེགས་སྒྲུབ་ཡག་པོ་བྱུང་སྟེ་ལྗོངས་ཡོངས་ཀྱི་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ཡོད།
སྤྱི་ཟླ་དང་པོ་ནས་ལྔ་པའི་བར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་ཚོང་སྤྱི་འབོར་ཁྱོན་སྒོར་དུང་ཕྱུར ༢༥༠.༩ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༦ ཆགས་པ་དང་། ཆགས་ཚད་སྤྱི་ཟླ་དང་པོ་ནས ༤ པའི་བར་ལས་བརྒྱ་ཆ ༢.༤ ཡིས་དམའ་རུ་ཕྱིན་ཏེ་རྒྱལ་ཡོངས་ལས་བརྒྱ་ཆ ༠.༩ ཡིས་མཐོ་བ་ཡོད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༧.༢ ཟིན་པའི་ནང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར ༤.༧ ཟིན་ནས་བརྒྱ་ཆ ༥༨.༦ ཆགས་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༢.༤ ཟིན་ནས་བརྒྱ་ཆ ༦༦.༡ འཕར་ཡོད།
ལྗོངས་ཚོང་དོན་ཐིང་ནོར་དོན་འཆར་འགོད་ཁྲུའི་འཆར་འགོད་ཁོའོ་ཡི་འགན་འཁུར་བ་ལི་ཅན་ཧུའེ་ཡིས། སྤྱི་ཟླ་དང་པོ་ནས ་ལྔ་པའི་བར། རང་ལྗོངས་ཁེ་ལས་ཀྱིས་ཚོང་ལས་དང་ཁྲོམ་ར་སླར་གསོ་ཐུབ་རྒྱུར་གང་མགྱོགས་སྐུལ་འདེད་བཏང་བ་དང་བསྟུན་ནས། ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཐུབ་པ་དང་། ལྷག་པར་དུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པའི་ཕན་འབྲས་རིམ་བཞིན་ཐོན་ཏེ་འཛད་སྤྱོད་ཁྲོམ་ར་རིམ་བཞིན་འཁྲུག་ཏུ་ཕྱིན་ཡོད་པ་དང་། སྤྱི་ཟླ ༥ པར། རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སླར་གསོ་བྱུང་ནས་ཁྲོམ་རའི་བྲིན་ཚོང་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ཡོད་ཅེས་གསུངས།
གོམ་སྟབས་རྗེས་མར། ལྗོངས་ཚོང་དོན་ཐིང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་མུ་མཐུད་ལག་བསྟར་བྱས་ཏེ། གཙོ་གནད་ཚོང་དོན་ཁེ་ལས་ལ་འབྲེལ་གཏུག་དང་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་དང་། ནེ་པ་ལར་ཕྱོགས་པའི་དངོས་ཟོག་མཁོ་སྤྲོད་ཡག་པོ་བྱེད་རྒྱུར་མུ་མཐུད་དོ་ཁུར་དང་མཛུབ་ཁྲིད་བྱ་རྒྱུ་མ་ཟད། ཕྱི་ཕྱོགས་ཉོ་ཚོང་བརྟན་པོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་ནས་ཚོང་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་རེད།།