您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་སྤྱི་ཟླ་བཅུ་པའི་ཟླ་མཇུག་བར། རང་ལྗོངས་ཀྱི་བརྒྱ་ཆ ༩༠ ཡན་གྱི་གྲོང་ཚོའི་འཚོ་བའི་གད་སྙིགས་བཅོས་སྒྲིག་ཐུབ་སྟེ། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་ཀར་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་གད་སྙིགས་གཙང་སེལ་དང་བཙོག་ཆུ་ཕྱིར་བཤངས་ཀྱི་ཚད་གཞི་མ་ལོན་པ་དང་། གྲོང་ཚོའི་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྲིད་ཇུས་བཏོན་ནས། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་ཀར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། རང་ལྗོངས་སུ་ཚད་དང་མ་མཐུན་པའི་གད་སྙིགས་གསོག་འཇོག་ཁུལ་ཚང་མ་ད་ཆ་བཅོས་སྒྲིག་ཟིན་པ་མ་ཟད། བརྒྱ་ཆ ༣༠ ཡན་གྱི་གྲོང་ཚོར་བཙོག་ཆུ་གང་བྱུང་དུ་ཕྱིར་བཤངས་བྱེད་པའི་སྣང་ཚུལ་ལ་ཡང་དོ་དམ་ཚོད་འཛིན་ཐུབ་ཏེ། གྲོང་ཚོ ༡༣༦ མཛེས་སྡུག་ལྡན་ཞིང་འཚོ་སྡོད་ལ་འཚམ་པའི་དཔེ་སྟོན་གྲོང་ཚོར་གྱུར་ཡོད།
རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་ཁུར་བས། རང་ལྗོངས་ཀྱིས་བདེ་ཐང་འཕྲོད་བསྟེན་ཤེས་བྱ་སྔར་བས་ཁྱབ་གདལ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ངན་པ་འགྱུར་བ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཞིང་འབྲོག་མང་ཚོགས་རང་ཉིད་ཀྱིས་ཀྱང་བཅོས་སྒྲིག་ལས་ཀའི་ནང་ཞུགས་ནས་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་ཡང་བྱས་ཏེ། སྒོ་འགྲམ་གྱི་འགན་ལེན་གསུམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་ཚོའི་གཙང་སྦྲའི་ཉིན་མོ་འཛུགས་པ། གཙང་སྦྲའི་བཀོད་འདོམས་པ་བཀོད་སྒྲིག་བྱེད་པ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་གྲོང་ཚོའི་གཙང་སྦྲའི་བྱེད་སྒོ་དེ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཅེས་གསུངས། །